ཨེ་ཅིབ་ནས་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར། 
2019.03.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཨེ་ཅིབ་ཀྱི་ཅི་སཱ་ཞིང་ཆེན་གྱི་ཨོ་ཞེ་མུའུ་ས་ཁུལ་ནས་ཚེས་བཅུ་དགུའི་ཉིན་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མེ་མདས་བརྒྱག་མཁན་དང་བཅས་པའི་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ལྔར་རྨས་ཕོག 

ཨེ་ཅིབ་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། སྐྱེས་པ་ཞིག་གིས་ཅི་སཱ་ཞིང་ཆེན་བྱང་ཕྱོགས་ས་ཁུལ་ནས་མེ་མདས་བརྒྱབ་ནས་ཕ་མ་བསད་རྗེས་སྲང་ལམ་དུ་སོང་ནས་ལམ་འགྲོ་བར་གང་འདོད་དུ་མེ་མདས་བརྒྱབ། ཉེན་རྟོག་ཕྱོགས་ཀྱིས་ལག་དམར་དེ་བསད་པ་རེད། 

བསྒྲགས་པ་ལྟར་ན། ལག་དམར་དེ་ནི་ད་ལོ་ལོ་སོ་དྲུག་ཡིན་པ་དང་། དེའི་བྱ་སྤྱོད་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། 

གཞན་ཡང་བསྒྲགས་པ་ལྟར་ན། སྐྱེས་པ་དེས་དུག་འཐེན་གྱིན་ཡོད་པ་དང་། དོན་རྐྱེན་བྱུང་སྐབས་ཆང་གིས་བཟི་ཡོད་ལ། སྔོན་ཆད་ཕ་མའི་བར་ཁ་རྩོད་བྱུང་མྱོང་ཟེར།