ཕཱ་ཁི་སི་ཐན་ལྷོ་ནུབ་ཕྱོགས་ཀྱི་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་ཐེབས་ཏེ་མི་དྲུག་རྐྱེན་ལམ་དུ་ཤོར། 
2019.03.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 44

ཕཱ་ཁི་སི་ཐན་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་གྱི་དཔོན་པོ་ཞིག་གིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། ཞིང་ཆེན་དེའི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་ཐོབ་ཐང་གསལ་བོར་མི་ཤེས་པའི་མི་སྣའི་འཇབ་རྒོལ་ཐེབས་ཏེ། བདེ་འཇགས་མི་སྣ་དྲུག་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

པུས་ལུའུ་ཀྲི་ཞིང་ཆེན་གྱི་ཅི་ཡཱ་ལཱ་ཐི་ས་ཁུལ་གྱི་ཆེད་དོན་པ་གཞོན་པ་ཕཱ་ཨར་ཁཱ་ནེ་ཡིས་ས་དེའི་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཐོབ་ཐང་གསལ་བོར་མི་ཤེས་པའི་མི་སྣ་ཞིག་གིས་བདེ་འཇགས་ཞིབ་བཤེར་ས་ཚིགས་སུ་མེ་མདས་བརྒྱབ་སྟེ། ཞིབ་བཤེར་ས་ཚིགས་དེར་བཀོད་སྒྲིག་བྱས་པའི་བདེ་འཇགས་མི་སྣ་དྲུག་པོ་བསད་རྗེས་བྲོས་བྱོལ་བྱས་ཟེར། 

དོན་རྐྱེན་བྱུང་རྗེས་བདེ་འཇགས་དམག་དཔུང་དོན་རྐྱེན་བྱུང་སར་འབྱོར་ནས་རྟོག་ཞིབ་བྱ་བ་སྤེལ། 

མིག་སྔར་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།