མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་མཐོ་རིམ་གྲོས་ཚོགས་ནས་ཁྱབ་ཁོངས་མང་བོར་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་སྤེལ་དགོས་པའི་འབོད་སྐུལ་བཏང་། 
2019.03.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཚོགས་ཡུན་ཉིན་གསུམ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་མཐོ་རིམ་གྲོས་ཚོགས་ཐེངས་གཉིས་པ་ཚེས་ཉེར་གཉིས་ཉིན་ཨ་ཀིན་ཐེན་གྱི་རྒྱལ་ས་པུའུ་དབྱེ་ནོའུ་སི་ཨེ་ལེ་སི་ནས་གྲོལ། གྲོས་ཚོགས་སྤེལ་བའི་གྲུབ་འབྲས་ཡིག་ཆ་ལས་རྒྱལ་ཁབ་དག་གིས་ཁྱབ་ཁོངས་མང་བོ་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་སྤེལ་དགོས་པའི་འབོད་སྐུལ་བཏང་། 

གྲུབ་འབྲས་ཡིག་ཆ་ལས་བསྟན་དོན། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་དང་ཕྱོགས་གསུམ་པའི་མཉམ་ལས་དེ་དཔལ་འབྱོར་དང་སྤྱི་ཚོགས། ཁོར་ཡུག་སོགས་ཁྱབ་ཁོངས་སོ་སོར་འབྲེལ་ཡོད་ལ། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལག་བསྟར་བྱེད་པ་དང་། རྣམ་པ་གང་རུང་གི་དབུལ་ཕོངས་མེད་པར་གཏོང་བར་ཕན་ཐོགས་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གསར་སྤེལ་འཆར་འགོད་ཁང་གི་མགོ་བ། ཐེངས་འདིའི་གྲོས་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཨ་ཞེ་མུའུ་ཧྲི་ཐེ་ནཱ་ཡིས་གྲོས་ཚོགས་གྲོལ་བའི་མཛད་སྒོའི་སྟེང་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ལས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཐད་ལམ་ཐིག་འཆར་གཞི་དང་སྒུལ་ཤུགས་འདང་ཚིམས་པ་འདོན་སྤྲོད་བྱས་ཡོད་ཟེར། 

གཅིག་སྟོང་དགུ་བརྒྱ་དོན་བརྒྱད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་ལག་རྩལ་མཉམ་ལས་ཚོགས་ཆེན་ནས་པུའུ་དབྱེ་ནོའུ་སི་ཨེ་ལེ་སིའི་འགུལ་སྐྱོད་འཆར་གཞིར་གྲོས་འཆམ་བྱུང་རྗེས། འཛམ་གླིང་དཔལ་འབྱོར་ཁྱབ་ཁོངས་སུ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། རྒྱལ་ཁབ་སོ་སོ་མཉམ་འབྲེལ་བྱེད་པའི་སྐབས་སུ་བརྒལ་ཐབས་མེད་པའི་བཀག་རྒྱ་ཡོད་མི་སྲིད་པ་མངོན་གསལ་རེད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཆེད་མངག་ཕོ་ཉ་ཧའོ་ཨར་ཧི་ཆེ་ཏིས་ཁི་ཡིས་བལྟས་ན། ཐེངས་འདིའི་གྲོས་ཚོགས་ཀྱི་གྲུབ་འབྲས་ཡིག་ཆ་ལས་རྒྱལ་ཁབ་སོ་སོ་གོང་བུ་གཅིག་ཏུ་དྲིལ་ཏེ་རིམ་འདས་ལག་རྩལ་རིམ་པ་དང་སྔར་ལས་རྒྱ་ཆེ་བའི་མཉམ་ལས་ཁྱབ་ཁོངས་ནས་སྔར་ལས་མང་བའི་འཛམ་གླིང་ཡོངས་ཀྱི་གནད་དོན་ཐག་གཅོད་བྱེད་པར་འབད་འབུངས་བྱེད་དུ་བཅུག་ཡོད་པར་འདོད།  ཁོས་བཤད་རྒྱུར། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་དེ་ལག་རྩལ་གྱི་ཕྱོགས་ཁོ་ན་མ་ཡིན་པར། ད་རུང་དངུལ་ལོར་དང་དཔལ་འབྱོར། ཉོ་ཚོང་སོགས་འདུས་པས། ང་ཚོས་སྒེར་གཉེར་སྡེ་ཁག་དང་དམངས་ཁྲོད་སྤྱི་ཚོགས་རྩ་འཛུགས། སྲིད་གཞུང་མ་ཡིན་པའི་རྩ་འཛུགས་བཅས་ཀྱིས་ནུས་པ་འདོན་སྤེལ་བྱེད་དགོས་པའི་འབོད་སྐུལ་གཏོང་དགོས་ཟེར། 

རྒྱལ་ཁབ་བརྒྱ་དང་དྲུག་ཅུ་ལྷག་ནས་ཡོང་བའི་འཐུས་ཚབ་ཚོགས་པ་དང་། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་དང་སྲིད་གཞུང་མ་ཡིན་པའི་རྩ་འཛུགས། སྤྱི་ཚོགས་ཚོགས་ཁག་བཅས་ཀྱི་འཐུས་མི་སྟོང་བཞི་ཙམ་ཐེངས་འདིའི་གྲོས་ཚོགས་ལ་ཞུགས། ཝེ་ནེ་ཙུའེ་ལཱ་སྲིད་གཞུང་གིས་འཐུས་ཚབ་ཚོགས་པ་མངག་ནས་ཐེངས་འདིའི་གྲོས་ཚོགས་ལ་ཞུགས་པ་དང་། རྒྱལ་ཁབ་རེ་འགའ་ཝེ་ནེ་ཙུའེ་ལཱའི་འཐུས་མིའི་དབང་ཆར་དོགས་གཞི་ཡོད་ཀྱང་། གྲོས་ཚོགས་ནས་ད་རུང་ཝེ་ནེ་ཙུའེ་ལཱ་དབང་འཛིན་དཔང་ཡིག་ལ་གྲོས་འཆམ་བྱུང་།