སོ་མཱ་ལིའི་ངལ་རྩོལ་བཟོ་བའི་པུའུ་ལ་འཇབ་རྒོལ་ཐེབས་ཏེ་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར། 
2019.03.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

སོ་མཱ་ལིའི་དཔོན་རིགས་ཀྱིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ངལ་རྩོལ་བཟོ་བའི་པུའུ་ཡི་ཐོག་ཁང་ཆེན་མོར་ཉིན་དེར་འཇབ་རྒོལ་ཐེབས་ཏེ། མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅོ་ལྔར་རྨས་ཕོག་ཟེར། 

ཉིན་དེའི་སྔ་དྲོར། འགད་རྫས་དྲུད་ཡོད་པའི་རླངས་འཁོར་ཞིག་རྒྱལ་ས་མའོ་ཅཱ་ཏིས་ཧྲའི་ངལ་རྩོལ་བཟོ་བའི་པུའུ་ཡི་སྒོར་ཁར་སོང་ནས་འགས་གཏོར་བཏང་། དྲག་ཆས་མི་སྣ་དེའི་རྗེས་སུ་ངལ་རྩོལ་བཟོ་བའི་པུའུ་ཡི་ཐོག་ཁང་དུ་སོང་ནས། སོ་མཱ་ལིའི་བདེ་འཇགས་དམག་དཔུང་བར་འཁྲུག་རྩོད་བྱས། ངལ་རྩོལ་བཟོ་བའི་པུའུ་ཡི་པུའུ་ཀྲང་གཞོན་པ་ཨ་པུའུ་ཏུའུ་ལཱ་འཇབ་རྒོལ་དེའི་ཁྲོད་རྐྱེན་ལམ་དུ་ཤོར་ཟེར། 

སོ་མཱ་ལིའི་ན་གཞོན་ཏང་གིས་དེའི་རྗེས་སུ་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས། 

སོ་མཱ་ལིའི་སྲིད་གཞུང་དཔོན་རིགས་ཀྱིས་བཤད་རྒྱུར། དུས་ཚོད་འགའི་རིང་འཁྲུག་རྩོད་བྱས་རྗེས། སོ་མཱ་ལིའི་བདེ་འཇགས་མི་སྣས་ཡང་བསྐྱར་གནས་བབ་ལ་ཚོད་འཛིན་བྱེད་ཐུབ་པ་བྱུང་བ་དང་། སྔར་ལས་མང་བའི་མི་སྣར་ཤི་རྨས་ཐེབས་པར་སྔོན་འགོག་བྱས་ཟེར། 

སོ་མཱ་ལིའི་ཙུང་ལི་ཧེ་ཨར་གྱིས་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་། འདས་པོ་དག་ལ་མྱ་ངན་ཞུས།