ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་གིས་ད་ལོར་དམངས་དམག་གི་ཁ་གྲངས་ས་ཡ་གསུམ་དུ་འཕར་སྣོན་གཏོང་རྒྱུའི་ཚུལ་བསྟན། 
2019.04.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 42

ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཚེས་བཅུ་གསུམ་ཉིན་རྒྱལ་ས་ཅཱ་ལཱ་ཅཱ་སི་ནས་བསྟན་དོན། ད་ལོར་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ཀྱི་དམངས་དམག་དཔུང་སྡེ་དེ་ཉུང་མཐར་ཡང་ས་ཡ་གསུམ་ལ་འཕར་སྣོན་གཏོང་རྒྱུ་ཡིན་པར་མ་ཟད། བཅའ་ཁྲིམས་ཐད་ནས་དམངས་དམག་གི་གོ་གནས་ནན་བཤད་བྱེད་རྒྱུ་ཡིན་ཟེར། 

མཱ་ཏུའུ་ལོ་ཉིན་དེར་བྱ་འགུལ་ལ་ཞུགས་སྐབས་བཤད་རྒྱུར། ཝེ་ནེ་ཙུའེ་ལཱ་རུ་མིག་སྔར་དམངས་དམག་ས་ཡ་གཉིས་དང་འབུམ་གཅིག་ཁྲི་དགུ་སྟོང་དགུ་ཡོད་པ་དང་། དེ་དག་གི་འགན་འཁྲི་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་བདག་དབང་། མངའ་ཁོངས་ཆ་ཚང་ཡོང་བ་བཅས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་ཟེར། ཝེ་ནེ་ཙུའེ་ལཱའི་རྩ་ཁྲིམས་གཏན་འབེབས་ཚོགས་ཆེན་ནས་དམངས་དམག་དེ་རྒྱལ་ཁབ་ཀྱི་དྲག་ཆས་སྟོབས་ཤུགས་སུ་བྱེད་པའི་ཁ་གསབ་གོ་གནས་བསྟན་ཡོད་པ་དང་། ཆེད་ལས་དང་ཚན་རིག དུས་རབས་ཉེར་གཅིག་པའི་དེང་རབས་ཅན་ལ་ཁ་ཕྱོགས་ནས་མདུན་དུ་བསྐྱོད་པའི་རྒྱལ་ཁབ་ཀྱི་དྲག་ཆས་སྟོབས་ཤུགས་གསར་སྐྲུན་བྱེད་དགོས་པ་ནན་བཤད་བྱས། 

མཱ་ཏུའུ་ལོ་ཡིས་ཉིན་དེར་ད་རུང་དམངས་དམག་གིས་ཐོན་སྐྱེད་ཐད་བྱས་རྗེས་འཇོག་པའི་སྟོབས་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཝེ་ནེ་ཙུའེ་ལཱའི་དཔལ་འབྱོར་སླར་གསོ་ལ་སྐུལ་འདེད་གཏོང་དགོས་པའི་སྐུལ་སློང་བྱས།