མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་མ་དངུལ་སྔར་ལས་མང་བོ་བཏང་ནས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། 
2019.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དངོས་འབེབ་བྱེད་པར་སྔར་ལས་མང་བའི་མ་དངུལ་གྱི་རྒྱབ་སྐྱོར་མཁོ་ཟེར། 

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཉིས་སྟོང་བཅུ་དགུ་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་འཕེལ་རྒྱས་དངུལ་གསོག་གླེང་སྟེགས་སྟེང་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་དངོས་འབེབ་བྱེད་པ་དེ་འགྲན་རྩོད་ཛ་དྲག་དང་ཉེན་ཁར་འཕྲད་ཡོད། དེའི་ནང་དཔལ་འབྱོར་འཕར་སྣོན་དོ་མཉམ་མིན་པ་དང་། དངུལ་བུན་ཆུ་ཚད་ཇེ་ཆེར་འགྲོ་བ། འཛམ་གླིང་ཡོངས་ཀྱི་ཉོ་ཚོང་འགལ་བ་ཇེ་ཆེར་འགྲོ་བ་སོགས་འདུས། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ཞིབ་འཇུག་གསར་བ་ལྟར་ན། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ལོ་རེར་བདེ་འཇགས་དང་སློབ་གསོ། གཞུང་ལམ། གློག་ཤུགས། འཐུང་ཆུ། འཕྲོད་བསྟེན་སྒྲིག་ཆས་བཅས་ཀྱི་ཐད་ལ་མཁོ་བའི་མ་དངུལ་མེ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དྲུག་ཙམ་ཡིན་པ་རེད། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ངེས་པར་དུ་ཡཱ་ཏི་སི་ཡཱ་པེད་པཱའི་འགུལ་སྐྱོད་གྲོས་རིམ་ཁྲོད་ཀྱི་དམ་བཅའ་ལག་བསྟར་གང་ལེགས་བྱེད་དགོས་པ་དང་། འཕེལ་རྒྱས་རོགས་སྐྱོར་མེད་དུ་མི་རུང་ལ། ཁྱད་པར་དུ་ཆེས་དབུལ་ཕོངས་ཡིན་པའི་རྒྱལ་ཁབ་ལ་མཁོ་གལ་ཆེ་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། ས་ཁུལ་སོ་སོས་རང་སྟེང་གི་དངུལ་ལོར་ཐོན་ཁུངས་སྐུལ་སློང་བྱེད་པར་སྣང་ཆུང་བྱེད་མི་རུང་། གལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཔྱ་ཁྲལ་མི་འཇལ་བ་དང་ནག་དངུལ་དཀར་བསྒྱུར། ཁྲིམས་འགལ་མ་དངུལ་གྱི་འཁོར་རྒྱུག་བཅས་ལ་ཕན་ནུས་ལྡན་པའི་སྒོ་ནས་ཆམ་ཕབ་བཏང་ན། དཔྱ་ཁྲལ་ཇེ་མང་དུ་སོང་ན་གསར་དར་ཚོང་རའི་དཔལ་འབྱོར་ཚོགས་པའི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་དགོས་ངེས་ཀྱི་སྤྱི་བའི་ཞབས་ཞུའི་མ་དངུལ་འདོན་སྤྲོད་བྱེད་ཐུབ་ཟེར། 

ཀུའུ་ཐི་ལོས་སི་ཡིས་བལྟས་ན། སྒེར་གཉེར་སྡེ་ཁག་དང་རྒྱལ་སྤྱིའི་དངུལ་ལོར་ལས་ཁུངས། དགེ་སྒྲུབ་ལས་ཁུངས་བཅས་ཀྱིས་འཕེལ་རྒྱས་ལ་མཁོ་བའི་མ་དངུལ་ཁ་གསབ་བྱེད་ཐུབ་པ་དང་། སྲིད་ཇུས་ཀྱི་སྒྲོམ་གཞི་དེ་ཉེན་ཁ་ཇེ་ཆུང་དུ་གཏོང་བ་དང་ཚོང་ལས་ཁོར་ཡུག་བཟང་བོ་བསྐྲུན་པ། སྤྱི་བའི་དམིགས་འབེན་གྱི་དངུལ་གཏོང་ལ་སྐུལ་མ་གཏོང་བ་སོགས་ལ་གལ་འགངས་ཧ་ཅང་ཆེ། རྣམ་པ་གསར་བའི་དངུལ་ལོར་ཡོ་བྱད་ལ་ལྷད་མེད་དངུལ་འཛིན་དང་མང་ཚོགས་ལས་བསྡུ་རུབ་བྱེད་པ་སོགས་ཀྱིས་དངུལ་གསོག་ཐད་བྱས་རྗེས་འཇོག་ཐུབ་པར་འདོད། 

ཉིས་སྟོང་བཅུ་དགུ་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་འཕེལ་རྒྱས་དངུལ་གསོག་གླེང་སྟེགས་དེ་ཚེས་བཅོ་ལྔ་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་པུའུ་ནས་སྤེལ་རྒྱུ་རེད།