ཧཱ་སག་སི་ཐན་གྱི་ཙུང་ཐུང་གིས་ཝུའུ་ཙི་པེ་ཁི་སི་ཐན་དུ་འཚམས་འདྲི་བྱས། 
2019.04.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡོ་ཡེ་ཧྥུའུ་ཡིས་ཚེས་བཅོ་ལྔ་ཉིན་ཐཱ་ཧྲི་ཀན་ནས་འཚམས་འདྲིར་ཡོང་བའི་ཧཱ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁཱ་ཡེ་ཧྥུའུ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱས་ཏེ། ཨེ་ཤ་ཡཱ་དབུས་མ་ས་ཁུལ་གྱི་གཏན་འཇགས་དང་བདེ་འཇགས། རྒྱུན་མཐུད་འཕེལ་རྒྱས་བཅས་ལ་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱེད་རྒྱུའི་ཚུལ་བསྟན། 

ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཚེས་བཅུ་བཞི་ཉིན་ནས་བཟུང་ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་ལ་དུས་ཡུན་ཉིན་གཉིས་ཀྱི་དངོས་གཞིའི་འཚམས་འདྲི་བྱེད་མགོ་བརྩམས། ཐའོ་ཁཱ་ཡེ་ཧྥུའུ་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་འཐབ་ཇུས་གྲོགས་པོའི་ཆུ་ཚད་གསར་བར་འཕེལ་རྒྱས་གཏོང་བ་དང་། འབྲེལ་བ་དེ་རིགས་མུ་མཐུད་དུ་སྲུང་འཛིན་དང་ཤུགས་སྣོན་བྱེད་པར་གལ་འགངས་ཧ་ཅང་ཆེ། ཧཱ་སག་སི་ཐན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཝུའུ་ཙི་པེ་ཁི་སི་ཐན་བར་གྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་རེ་སྒུག་བྱས་ཡོད་ཟེར། 

མུས་ཨར་ཅི་ཡོ་ཡེ་ཧྥུའུ་ཡིས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་རྣམ་པར་ཡིད་ཚིམས་པའི་ཚུལ་བསྟན། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ཕན་ཚུན་གྱི་ཉོ་ཚོང་འབོར་གྲངས་དེ་མེ་སྒོར་ཐེར་འབུམ་ལྔར་འཕར་བའི་དམིགས་འབེན་བཏོན་ཡོད། 

གྲོས་མོལ་མཇུག་སྒྲིལ་རྗེས་ཕྱོགས་གཉིས་ཀྱིས་དཔལ་འབྱོར་དང་དམག་དོན། ཕྱི་འབྲེལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་མཐུན་བཀོད་པར་མ་ཟད་མཉམ་འབྲེལ་གསལ་སྒྲོག་སྤེལ། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་ད་རུང་ཐཱ་ཧྲི་ཀན་ནས་སྤེལ་བའི་ཧཱ་སག་སི་ཐན་གྱི་ལོ་ཞེས་པའི་བྱ་འགུལ་མགོ་རྩོམ་པའི་མཛད་སྒོར་ཞུགས། 

ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་བསྡོམས་རྩིས་ཨུ་ཡོན་ལྷན་ཁང་གི་གཞི་གྲངས་ལྟར་ན། ཧཱ་སག་སི་ཐན་ནི་མིག་སྔར་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཉོ་ཚོང་གྲོགས་པོ་གསུམ་པ་ཡིན་ལ། ཉིས་སྟོང་བཅོ་བརྒྱད་ལོའི་ཝུའུ་ཙི་པེ་ཁི་སི་ཐན་དང་ཧཱ་སག་སི་ཐན་གྱི་ཉོ་ཚོང་འབོར་གྲངས་དེ་མེ་སྒོར་ཐེར་འབུམ་གསུམ་ལ་བསླེབ་ཡོད་པ་དང་། དུས་མཉམ་ལས་བརྒྱ་ཆའི་ཞེ་བདུན་འཕར་ཡོད་པ་རེད། 

ཐའོ་ཁཱ་ཡེ་ཧྥུའུ་ཡིས་ཟླ་གསུམ་པའི་ཚེས་ཉི་ཤུའི་ཉིན་དམ་བཅའ་བཞག་སྟེ་ཧཱ་སག་སི་ཐན་གྱི་ཙུང་ཐུང་གི་འགན་ཁུར་བ་དང་། དེ་ནི་ཁོས་ཙུང་ཐུང་གི་འགན་ཁུར་རྗེས་ཐོག་དང་པོར་ཝུའུ་ཙི་པེ་ཁི་སི་ཐན་ལ་འཚམས་འདྲི་བྱས་པ་རེད།