ཨ་མེ་རི་ཁས་རྒྱལ་ཁབ་དང་ས་ཁུལ་སྐོར་ཞིག་ལ་དབྱི་ལིང་གི་རྡོ་སྣུམ་ནང་འདྲེན་བྱས་ན་བཀག་སྡོམ་མི་བྱེད་པའི་ཁྱད་དབང་སྟེར་མི་སྲིད་པའི་ཚུལ་བསྟན། 
2019.04.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་ཉེར་གཉིས་ཉིན་བསྟན་དོན། ཨ་མེ་རི་ཁའི་སྲིད་གཞུང་གིས་རྒྱལ་ཁབ་དང་ས་ཁུལ་སྐོར་ཞིག་ལ་དབྱི་ལིང་གི་རྡོ་སྣུམ་ནང་འདྲེན་བྱས་ན་བཀག་སྡོམ་མི་བྱེད་པའི་ཁྱད་དབང་སྟེར་མི་སྲིད་ལ། ཕྱོགས་ཡོངས་ནས་དབྱི་ལིང་གི་རྡོ་སྣུམ་ཕྱིར་གཏོང་གཏན་འགོག་བྱེད་རྒྱུ་ཡིན་ཟེར། 

ཕོ་བྲང་དཀར་པོས་ཉིན་དེར་གསལ་སྒྲོག་སྤེལ་ནས། ཨ་མེ་རི་ཁའི་སྲིད་གཞུང་གིས་དེའི་སྔོན་རྒྱལ་ཁབ་དང་ས་ཁུལ་སྐོར་ཞིག་ལ་དབྱི་ལིང་གི་རྡོ་སྣུམ་ནང་འདྲེན་བྱས་ན་བཀག་སྡོམ་མི་བྱེད་པའི་ཁྱད་དབང་བྱིན་པ་དེ་ཟླ་ལྔ་བར་དུས་ཡུན་ལོངས་རྗེས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་མི་སྲིད། ཆོད་དོན་དེའི་དམིགས་ཡུལ་ནི་དབྱི་ལིང་གི་རྡོ་སྣུམ་ཕྱིར་གཏོང་ལ་བཀག་རྒྱ་བཟོས་ནས་དབྱི་ལིང་གི་ཡོང་འབབ་གཙོ་བོ་འཕྲོག་ལེན་བྱེད་པའི་ཆེད་ཡིན་ལ། ཨ་མེ་རི་ཁས་ད་རུང་མུ་མཐུད་དུ་དབྱི་ལིང་གི་དཔལ་འབྱོར་ཐད་གནོན་ཤུགས་མང་དུ་བྱིན་ནས་དབྱི་ལིང་གི་འཇིགས་ཉེན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བསྟན་དོན། ཨ་མེ་རི་ཁས་སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། དེ་མིན་མནའ་མཐུན་གྲོགས་པོ་གཞན་པ་བཅས་དང་མཉམ་དུ་བྱེད་ཐབས་སྤྱད་དེ་འཛམ་གླིང་ཡོངས་ཀྱི་མ་བཅོས་རྡོ་སྣུམ་གྱི་ཚོང་རའི་མཁོ་འདོན་ལ་འགན་སྲུང་བྱེད་རྒྱུ་ཡིན་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།