མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སིང་ག་ལཱའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པར་རྒོལ་གཏམ་དྲག་པོ་བཏང་། 
2019.04.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། སིང་ག་ལཱ་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པར་རྒོལ་གཏམ་དྲག་པོ་བཏང་། 

གསལ་སྒྲོག་ལས་བཤད་རྒྱུར། འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེ་དག་ནི་གདུག་རྩུབ་ཆེ་ཞིང་ཡ་ང་བའི་བྱ་སྤྱོད་ཡིན་པ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིས་འདས་པོའི་ཁྱིམ་མི་དང་སིང་ག་ལཱ་སྲིད་གཞུང་ལ་ཟོལ་མེད་ཀྱིས་འཚམས་འདྲི་བྱེད་བཞིན་ཡོད་ལ། རྨས་མ་དག་སྔ་མོ་ནས་བདེ་ཐང་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད་ཟེར། 

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ནན་གྱིས་བསྟན་དོན། ངེས་པར་དུ་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་སྤེལ་མཁན་དང་རྩ་འཛུགས་མཁན། དེའི་རོགས་སྐྱོར་མཁན་སོགས་ཀྱི་འགན་འཁྲི་རྩད་གཅོད་ནན་མོ་བྱས་ཏེ། དེ་དག་ཁྲིམས་ལ་སྦྱོར་དགོས་ཟེར། བདེ་འཇགས་ལས་འཛིན་ལྷན་ཚགོས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་གཞིར་བཟུང་ནས། གནད་དོན་དེའི་ཐད་ནས་སིང་ག་ལཱའི་སྲིད་གཞུང་དང་འབྲེལ་ཡོད་དབང་འཛིན་ལས་ཁུངས་གཞན་པའི་བར་མཉམ་ལས་གང་ལེགས་བྱེད་དགོས་པའི་སྐུལ་མ་བཏང་། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།