སིང་ག་ལཱའི་མུ་འབྲེལ་འགས་གཏོར་དོན་རྐྱེན་ལས་མི་ཉིས་བརྒྱ་དང་དགུ་བཅུ་རྐྱེན་ལམ་དུ་ཤོར་བ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇིགས་སྐུལ་འཇབ་རྒོལ་བྱ་སྤྱོད་དེར་རྒོལ་གཏམ་དྲག་པོ་བཏང་། 
2019.04.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

སིང་ག་ལཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་ཁས་ལེན་བྱས་དོན། ཚེས་ཉེར་གཅིག་ཉིན་བྱུང་བའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐེངས་བརྒྱད་ལས་མི་ཉིས་བརྒྱ་དང་དགུ་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བརྒྱ་ལྷག་ལ་རྨས་ཕོག་ཡོད་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་དང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་གསུམ་པའི་ཀྲུའུ་ཞི་ཨེ་སི་ཕིས་ནོའུ་སཱ་སོགས་ཀྱིས་འཇིགས་སྐུལ་འཇབ་རྒོལ་གྱི་བྱ་སྤྱོད་དེར་རྒོལ་གཏམ་དྲག་པོ་བཏང་། 

སིང་ག་ལཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་ཉེར་གཉིས་ཉིན་འདོན་སྤྲོད་བྱས་པའི་གནས་ཚུལ་ལྟར་ན། ཀྲུང་གོའི་སྤྱི་དམངས་གཅིག་རྐྱེན་ལམ་དུ་ཤོར་བ་དང་། ཀྲུང་གོའི་སྤྱི་དམངས་ལྔ་གར་སོང་རྙེད་མེད་ལ། མི་ལྔར་རྨས་ཕོག་ཡོད་ཟེར། 

སིང་ག་ལཱའི་ཙུང་ཐུང་སྨྱན་བྱད་གཞུང་སྒྲུབ་ཁང་གིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། སིང་ག་ལཱ་ཡིས་ཚེས་ཉེར་གསུམ་ཉིན་གྱི་ནམ་གུང་ནས་བཟུང་ཆ་རྐྱེན་ཡོད་པའི་སྒོ་ནས་རྒྱལ་ཡོངས་ཀྱི་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཡིན་པ་དང་། མུ་འབྲེལ་འགས་གཏོར་གྱི་གནོད་ཐེབས་མཁན་ལ་མྱ་ངན་ཞུ་ཆེད། ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་དེ་རྒྱལ་ཡོངས་ཀྱི་མྱ་ངན་ཉིན་མོར་གཏན་འཁེལ་བྱས་ཡོད་ཟེར། སིང་ག་ལཱའི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་ཁྱབ་སྒྲོག་བྱས་དོན། ཚེས་ཉེར་གཉིས་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་ནས་ཚེས་ཉེར་གསུམ་ཉིན་གྱི་དུས་ཚོད་བཞིའི་བར་རྒྱལ་ཡོངས་སུ་མཚན་མགྲོན་འགོག་རྒྱུ་ཡིན་ཟེར། 

ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་གཅིག་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། སིང་ག་ལཱ་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། དོན་རྐྱེན་བཟོ་མཁན་དག་མྱུར་མོར་ཁྲིམས་ལ་སྦྱོར་དགོས་པའི་རེ་བ་བཏོན། ཁོས་ད་རུང་སིང་ག་ལཱའི་དབང་འཛིན་ལས་ཁུངས་ཀྱིས་འཇབ་རྒོལ་དོན་རྐྱེན་བྱུང་རྗེས་མངོན་པའི་མགོ་ཁྲིད་ནུས་པ་དང་མི་དམངས་ཀྱི་མཐུན་སྒྲིལ་ལ་གཟེངས་བསྟོད་བྱས་པར་མ་ཟད། དཀའ་སྡུག་གི་དུས་སྐབས་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སིང་ག་ལཱའི་མི་དམངས་དང་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་རྒྱུ་བསྐྱར་སྒྲོག་བྱས། 

ཨེ་སི་ཕིས་ནོའུ་སཱ་ཡིས་དྲ་ཚིགས་བརྒྱུད་དེ། ཡ་ང་བའི་བྱ་སྤྱོད་དེར་རྒོལ་གཏམ་བཏང་བ་དང་། ཉེས་མེད་མང་ཚོགས་ལ་དམིགས་པའི་འཇབ་རྒོལ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། 

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་དྲ་ཚིགས་བརྒྱུད་དེ་སིང་ག་ལཱའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས། ཁོས་བཤད་རྒྱུར། ཨ་མེ་རི་ཁས་སིང་ག་ལཱ་ཕྱོགས་ལ་རོགས་རམ་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར། ཕོ་བྲང་དཀར་པོ་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཀྱང་གསལ་སྒྲོག་སྤེལ་ཏེ་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་བཏང་། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།