ཡེ་མིན་སྲིད་གཞུང་གིས་ཧུའུ་སེ་དྲག་ཆས་པས་སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་སྒྲིག་ཆས་ལ་འཇབ་རྒོལ་བྱས་པར་རྒོལ་གཏམ་བཏང་། 
2019.05.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཡེ་མིན་སྲིད་གཞུང་གིས་ཚེས་བཅུ་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཧུའུ་སེ་དྲག་ཆས་པས་སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་སྒྲིག་ཆས་སྐོར་ཞིག་ལ་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་བྱས་པར་རྒོལ་གཏམ་དྲག་པོ་བཏང་། 

གསལ་སྒྲོག་ལས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་སོ་ཏི་ཨ་རབ་དམིགས་འབེན་དུ་བྱས་པའི་འཇབ་རྒོལ་དེ་ལ་བཟོད་སྒོམ་བྱེད་ཐབས་མེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་ཞི་བདེའི་འཕེལ་རིམ་སླར་གསོ་བྱེད་པའི་ཐད་འབད་བརྩོན་བྱེད་པའི་བྱ་བར་གཏོར་བརླག་བཏང་ཡོད་ལ། ཧུའུ་སེ་དྲག་ཆས་པས་ས་ཁུལ་དང་རྒྱལ་སྤྱིའི་བདེ་འཇགས་ཐད་འཇིགས་ཉེན་ཆེན་པོ་ཐེབས་ཡོད་ཟེར། 

ཉིན་དེའི་ཞོགས་པར། ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་བརྒྱུད་དེ། དྲག་ཆས་རྩ་འཛུགས་དེས་མི་བསྡད་མེད་པའི་གནམ་གྲུ་བདུན་བཀོལ་ནས་སོ་ཏི་ཨ་རབ་ཀྱི་སྒྲིག་ཆས་གཙོ་བོར་འཇབ་རྒོལ་བྱས་ཟེར། 

གཞན་ཡང་སོ་ཏི་ཨ་རབ་ཀྱི་ནུས་ཁུངས་དང་བཟོ་ལས། གཏེར་ཐོན་ཐོན་ཁུངས་བཅས་ཀྱི་བློན་ཆེན་ཧྥ་ལེ་ཧི་ཡིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་སྦུག་ལམ་གཙོ་བོའི་སྣུམ་འདྲེན་ས་ཚིགས་གཉིས་ལ་ཉིན་དེར་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་ཐེབས་ཏེ་གཏོར་བརླག་ཅུང་ཙམ་ཐེབས་ཡོད་ཟེར། ཧྥ་ལེ་ཧི་ཡིས་དེ་ནི་བརྡར་མའི་འཇབ་རྒོལ་བྱ་སྤྱོད་ཅིག་ཡིན་པར་སྐྱོན་འཛུགས་བྱས། ཁོས་ནན་གྱིས་བསྟན་དོན། སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་ཐོན་སྐྱེད་ལ་གནོད་པ་ཐེབས་མེད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།