མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་འཛམ་གླིང་ཡོངས་ཀྱིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་འགུལ་སྐྱོད་ཇེ་མགྱོགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་། 
2019.05.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅོ་ལྔ་ཉིན་ཧྥེ་ཅིའི་རྒྱལ་ས་སུའུ་ཝ་རུ་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གླེང་སྟེགས་ལ་ཞུགས་སྐབས། འཛམ་གླིང་ཡོངས་ཀྱིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་འགུལ་སྐྱོད་ཇེ་མགྱོགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་། 

ཉིན་དེར་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གླིང་སྟེགས་ཀྱི་མགོ་ཁྲིད་པའི་གྲོས་མོལ་ཚོགས་འདུའི་སྟེང་ཀུའུ་ཐི་ལོས་སི་ཡིས་བསྟན་དོན ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱ་དགོས་ན། འགུལ་སྐྱོད་ཇུས་གཞི་དང་། སྒྲོམ་གཞི། འཆར་གཞི་བཅས་ཡོད་པ་ཙམ་གྱིས་མི་ཆོགས་པར། ད་ལྟ་མཁོ་གལ་ཆེ་བ་ནི་འགུལ་སྐྱོད་སྤེལ་དགོས། ད་ལོའི་ཟླ་དགུ་བར་ཉིག་ཡོ་ནས་སྤེལ་རྒྱུ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགུལ་སྐྱོད་ཀྱི་མཐོ་རིམ་གྲོས་ཚོགས་ནི་རྒྱལ་ཁབ་སོ་སོས་དམ་བཅའ་ལག་བསྟར་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བའི་གོ་སྐབས་ཤིག་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་ཤུགས་ཡོད་དགུས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྐུལ་སློང་བྱས་ཏེ། ཧུར་ཐག་སྒོས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་དགོས་ཟེར། 

ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གླེང་སྟེགས་ལ་ཞུགས་པའི་འབྲེལ་ཡོད་རྒྱལ་ཁབ་དག་གི་མགོ་ཁྲིད་པས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ནང་བསྟན་དོན། ནམ་ཟླའི་འགྱུར་ལྡོག་ལས་བྱུང་བའི་མཚོ་ངོས་ཇེ་མཐོར་འགྲོ་བ་དང་ཐལ་དྲགས་པའི་ནམ་ཟླ་ལས་ཞི་བདེ་རྒྱ་མཚོའི་ས་ཁུལ་ལ་ཐད་ཀར་གནོད་པ་ཐེབས་པར་མ་ཟད། རིམ་བཞིན་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་གཏོར་བརླག་ཐེབས་སྲིད་ཅིང་། གཏན་འཇགས་མིན་པ་དང་འཁྲུག་རྩོད་བཟོས་ཏེ་འཛམ་གླིང་ཡོངས་ཀྱི་མིའི་རིགས་ཀྱི་འཚོ་བར་འཇིགས་ཉེན་བཟོ་སྲིད་ལ། རྒྱལ་ཁབ་དང་མི་སྒེར་གང་རུང་ལ་དམིགས་བསལ་གཏན་ནས་མེད་པས། འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་མྱུར་དུ་འགུལ་སྐྱོད་སྤེལ་དགོས་ཟེར། 

ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་དག་གི་གླེང་སྟེགས་ནི་ཞི་བདེ་རྒྱ་མཚོ་ཆེན་མོ་ལྷོ་མའི་རྒྱལ་ཁབ་སྲིད་གཞུང་བར་གྱི་ས་ཁོངས་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ཕྱི་ཕྱོགས་སྲིད་ཇུས་ལ་མཐུན་སྦྱོར་བྱེད་པའི་ས་ཁོངས་མཉམ་ལས་རྩ་འཛུགས་ཤིག་ཡིན་པ་དང་། དེའི་ཁོངས་གཏོགས་རྒྱལ་ཁབ་ལ་ཨོ་སི་ཁྲུ་ལི་ཡཱ་དང་། ནེའུ་ཙེ་ལན། པཱ་པུའུ་ཡཱ་ཞིན་ཀུའེ་ནེ་ཡཱ། ཝ་ནོའུ་ཨ་ཐུའུ་བཅས་འདུས། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།