ནེ་ཀྲིར་གྱི་དམག་དཔུང་ལ་འཇབ་རྒོལ་ཐེབས་ཏེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར། 
2019.05.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ནེ་ཀྲིར་རྒྱལ་སྲུང་པུའུ་ཡིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ནེ་ཀྲིར་དམ་དཔུང་ལ་ཚེས་བཅུ་བཞིའི་ཉིན་ནུབ་ཕྱོགས་ས་ཁུལ་དུ་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་པའི་འཇབ་རྒོལ་ཐེབས་ཏེ། དམག་མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་རེད། 

གསལ་སྒྲོག་ལས་བཤད་རྒྱུར། ཚེས་བཅུ་བཞི་ཉིན་གྱི་དགོང་མོའི་དུས་ཚོད་བརྒྱད་ཡས་མས་སུ། ནེ་ཀྲིར་དམག་དཔུང་གི་ཡན་ལག་རུ་ཁག་ཅིག་ལ་ཏིས་ལཱ་པེ་ལི་ཞིང་ཆེན་གྱི་ཐུང་ཀི་ས་ཁུལ་ནས་འཇབ་རྒོལ་ཐེབས་ནས། ནེ་ཀྲིར་དམག་དཔུང་གི་དམག་མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ལ་རྨས་ཕོག གཞན་ཡང་མི་བཅུ་གཅིག་གར་སོང་རྙེད་མེད་ཟེར། 

ནེ་ཀྲིར་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱིས་འཇབ་རྒོལ་བྱས་རྗེས་བྱང་ཕྱོགས་ས་ཁུལ་དུ་བྲོས་བྱོལ་བྱས་པ་དང་། ནེ་ཀྲིར་དམག་དཔུང་གིས་དམག་མི་ཁ་སྣོན་བྱས་ཏེ་ས་ཁུལ་དེར་སྔོག་བཤེར་འགུལ་སྐྱོད་སྤེལ་བཞིན་ཡོད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།