དབྱི་ལིང་རྒྱལ་སྲུང་བློན་ཆེན་གྱིས་དབྱི་ལིང་གིས་ཕྱི་ཕྱོགས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་པའི་ཚུལ་བསྟན། 
2019.05.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

དབྱི་ལིང་གི་རྒྱལ་སྲུང་བློན་ཆེན་ཧཱ་ཐཱ་མུས་ཀྱིས་ཚེས་བཅོ་ལྔ་ཉིན་བསྟན་དོན། དབྱི་ལིང་གི་དྲག་ཆས་སྟོབས་ཤུགས་ཀྱིས་ཕྱི་ཕྱོགས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར། 

ཧཱ་ཐཱ་མུས་ཀྱིས་ཉིན་དེར་ཏི་ཧེ་ལན་གྱི་དམག་དཔུང་ལས་ཕྱིར་བུད་པའི་དམག་མིའི་འདུ་ཚོགས་ཤིག་གི་སྟེང་གཏམ་བཤད་སྤེལ་ཏེ། དབྱི་ལིང་རྒྱལ་སྲུང་སྟོབས་ཤུགས་དེ་མིག་སྔར་རིམ་པ་ཆེས་མཐོ་བའི་དམག་དོན་འགོག་སྲུང་གི་རྣམ་པར་གནས་ཡོད་པ་དང་། འཇིགས་ཉེན་སྣ་ཚོགས་ལ་གདོང་གཏོད་པའི་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར། 

ཧཱ་ཐཱ་མུས་ཀྱིས་བཤད་རྒྱུར། ཨ་མེ་རི་ཁའི་བཀག་སྡོམ་ཐེབས་ཡོད་ཀྱང་། དབྱི་ལིང་གིས་དཀའ་སྡུག་ཆེ་བའི་གནས་ཚུལ་འོག་དམག་དོན་ཁྱབ་ཁོངས་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་ཟེར། ཁོས་བསྟན་དོན། རྒྱལ་སྲུང་སྟོབས་ཤུགས་ཇེ་དྲག་ཏུ་གཏོང་ཆེད། དབྱི་ལིང་གིས་རྒྱལ་སྲུང་ལས་གཞི་གང་རུང་ལ་སྐུལ་འདེད་གཏོང་བའི་བྱ་བ་བསྐྱུར་མེད་ཟེར། 

ཧཱ་ཐཱ་མུས་ཀྱིས་ད་རུང་བསྟན་དོན། ཉིས་སྟོང་བཅུ་དགུ་ལོའི་དབྱི་ལིང་གི་རྒྱལ་སྲུང་ཚན་རིག་ཞིབ་འཇུག་ལས་གཞིའི་གཞི་རྒྱ་དེ་ཉིས་སྟོང་བཅོ་བརྒྱད་ལོའི་ལྡབ་གསུམ་གྱིས་ཆེ་བ་ཡིན་ཟེར། 

ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། ཨ་མེ་རི་ཁས་དབྱི་རག་དང་སི་རི་ཡཱ་རུ་བཀོད་སྒྲིག་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འགན་ཁུར་བའི་དམག་དཔུང་གིས་དོགས་ཟོན་ཇེ་མཐོར་བཏང་སྟེ། དབྱི་ལིང་གི་འཇིགས་ཉེན་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།