དབྱི་ལིང་གསར་བརྗེ་ཉེན་སྲུང་རུ་ཁག་གི་དམག་སྤྱི་ཡིས་དབྱི་ལིང་གིས་རང་སྲུང་གྲ་སྒྲིག་བྱས་ཡོད་པའི་ཚུལ་བསྟན། 
2019.05.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 63

དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་དམག་སྤྱི་སཱ་ལཱ་མུས་ཀྱིས་ཚེས་བཅུ་དགུའི་ཉིན་བཤད་རྒྱུར། དབྱི་ལིང་གིས་འཐབ་འཁྲུག་མི་འདོད་ཀྱང་། རང་སྲུང་གི་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར། 

སཱ་ལཱ་མུས་ཉིན་དེར་དམག་དོན་གྲོས་ཚོགས་ཤིག་ལ་ཞུགས་སྐབས་བཤད་རྒྱུར། དབྱི་ལིང་གིས་དགྲ་བོའི་གནས་ཚུལ་ལ་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་ཅིང་། ང་ཚོས་འཐབ་འཁྲུག་བྱེད་འདོད་མེད་ཀྱང་། འཐབ་འཁྲུག་ལ་འཇིགས་དངངས་སྐྱེས་མི་སྲིད་ཟེར། 

སཱ་ལཱ་མུས་ཀྱིས་བཤད་རྒྱུར། མིག་སྔར་དབྱི་ལིང་གི་མདུན་དུ་ལྷགས་པའི་འཇིགས་ཉེན་དེ་རྒྱལ་ཁབ་རང་གི་མཐའ་མཚམས་སུ་ཇེ་ཉེར་འགྲོ་བཞིན་ཡོད་ལ། དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གིས་འཇིགས་ཉེན་དེ་ཐག་གཅོད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར། 

ཁོས་བསྟན་དོན། ཨ་མེ་རི་ཁས་བཙན་དབང་ལ་བརྟེན་ནས་རྒྱལ་ཁབ་གཞན་པར་གཉའ་གནོན་དང་ཐེ་གཏོགས་བྱེད་པར་དགའ་བ་རེད། བྱ་སྤྱོད་དེ་རིགས་ལས་དབང་ཤུགས་ཐོབ་མི་སྲིད་པར་མ་ཟད་ཡོད་ཚད་དགྲ་རུ་ལངས་ངེས་ཡིན། ཨ་མེ་རི་ཁ་ཕྱོགས་ཀྱིས་མུ་མཐུད་དུ་བྱེད་ཐབས་དེ་འདྲ་སྤྱད་དེ་རང་ཉིད་ཀྱི་འཛམ་གླིང་ཡོངས་ཀྱི་བཙན་དབང་རྒྱུན་འཁྱོངས་བྱས་ན། དབྱི་ལིང་གིས་དེར་རྒོལ་ལན་སྤྲོད་ཁོ་ཐག་ཡིན་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།