ཐུར་ཁེ་ཡིས་བཀའ་རྒྱ་བཏང་སྟེ་ཅུའུ་ལོན་ལས་འགུལ་གྱི་དོགས་ཡོད་ཉེས་ཅན་ཉིས་བརྒྱ་ལྷག་འཛིན་བཟུང་བྱེད་དུ་བཅུག 
2019.05.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 52

ཐུར་ཁེའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཚེས་ཉི་ཤུའི་ཉིན་ཅུའུ་ལོན་ལས་འགུལ་གྱི་དོགས་ཡོད་ཉེས་ཅན་ཉིས་བརྒྱ་དང་ཞེ་དགུ་འཛིན་བཟུང་བྱེད་པའི་བཀའ་རྒྱ་བཏང་། 

ཞིབ་དཔྱོད་ལས་ཁུངས་ཀྱི་གསལ་སྒྲོག་ལས་བཤད་རྒྱུར། མི་དེ་དག་ཅུའུ་ལོན་ལས་འགུལ་གྱི་ཟབ་ཞུགས་མཁན་ཡིན་པ་དང་། ཉིས་སྟོང་བཅུ་ལོ་ནས་ཉིས་སྟོང་བཅུ་གསུམ་ལོའི་བར་ཐུར་ཁེའི་ཕྱི་འབྲེལ་པུའུ་ཡི་སློབ་བསྡུའི་རྒྱུགས་ལེན་སྐབས་སུ་སྒྲིག་འགལ་གྱིས་སྡེ་ཁག་དེར་ཞུགས་ནས་བྱ་བ་བསྒྲུབ་པ་རེད། སྔོག་བཤེར་འགུལ་སྐྱོད་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་ཞེ་གཉིས་ནས་སྤེལ་བ་དང་། མི་གོ་གཅིག་འཛིན་བཟུང་བྱས་ཡོད་ཟེར། 

ཉིས་སྟོང་བཅུ་དྲུག་ལོའི་ཟླ་བདུན་པར། ཐུར་ཁེ་ནས་ལེགས་འགྲུབ་མ་བྱུང་བའི་སྲིད་འགྱུར་བྱུང་། ཐུར་ཁེའི་སྲིད་གཞུང་གིས་སྲིད་འགྱུར་དེ་ནི་ཆོས་ལུགས་མི་སྣ་ཅུའུ་ལོན་དང་དེའི་རྒྱབ་སྐྱོར་མཁན་གྱིས་གྲུབ་པའི་ཅུའུ་ལོན་ལས་འགུལ་གྱིས་སྤེལ་བ་ཡིན་པར་འདོད། ཐུར་ཁེའི་སྲིད་གཞུང་གིས་དེའི་རྗེས་སུ་ཅུའུ་ལོན་ལས་འགུལ་དང་འབྲེལ་བའི་དམག་དཔུང་དང་ཁྲིམས་འཛིན། སློབ་གསོ། ཕྱི་འབྲེལ་སྡེ་ཁག་བཅས་གཙང་སེལ་བྱས་ཏེ། མི་ཁྲི་བདུན་ལྷག་འཛིན་བཟུང་བྱས་པ་དང་། གཞུང་ཞབས་པ་དང་དམག་མི་འབུམ་གཅིག་དང་ཁྲི་ལྔ་ཙམ་ལས་གནས་ལས་ཕུད་པའམ་ལས་མཚམས་འཇོག་ཏུ་བཅུག་ཡོད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།