ཡེ་མིན་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐུན་སྦྱོར་དཔོན་པོའི་བར་གྱི་གྲོས་མོལ་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས། 
2019.05.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཡེ་མིན་སྲིད་གཞུང་གིས་ཚེས་ཉེར་གཉིས་ཉིན་རང་གི་འཐུས་མིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མགོ་ཁྲིད་པའི་ཡང་བསྐྱར་བཀོད་སྒྲིག་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལོ་ལའེ་སི་ཀའོ་དང་གྲོས་མོལ་བྱེད་མཚམས་བཞག་པ་དང་། ཧུའུ་སེ་དྲག་ཆས་པས་ཧི་ཐེ་ཏཱའི་གྲུ་ཁ་གསུམ་ནས་ངེས་པ་དོན་གྱིས་དམག་དཔུང་ཕྱིར་འཐེན་བྱེད་རག་བར་གྲོས་མོལ་བྱེད་མི་སྲིད་པ་ཁྱབ་སྒྲོག་བྱས། 

ཡེ་མིན་སྲིད་གཞུང་གི་མགྲིན་ཚབ་པ་ཏིས་པེད་ཞེ་ཡིས་ཚེས་ཉེར་གཉིས་ཉིན་གསར་འགོད་པར་བསྟན་དོན། ཉིན་འགའི་རིང་ལ། ཡེ་མིན་སྲིད་གཞུང་གི་འཐུས་མིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧི་ཐེ་ཏཱ་ལ་རོགས་སྐྱོར་བྱེད་པའི་གྲོས་མཐུན་གྱི་ཆེད་མངག་ཚོགས་པའི་ཚོགས་གཙོ། ཡང་བསྐྱར་བཀོད་སྒྲིག་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལོ་ལའེ་སི་ཀའོ་བར་གྱི་གྲོས་མོལ་ཡོད་ཚད་མཚམས་བཞག་པ་ཡིན། རྒྱུ་མཚན་ནི་ཧུའུ་སེ་དྲག་ཆས་པས་ཧི་ཐེ་ཏཱའི་གྲུ་ཁ་གསུམ་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་བརྒྱུད་རིམ་དེར་མགོ་སྐོར་གཏོང་བའི་སྣང་ཚུལ་ལྡན་པ་དང་། ལོ་ལའེ་སི་ཀའོ་ཡི་ཡིད་ཆེས་ཀྱི་ཚད་ལ་གཏོར་བརླག་ཐེབས་ཡོད་ཟེར། 

ཏིས་པེད་ཞེ་ཡིས་བཤད་རྒྱུར། སྲིད་གཞུང་གི་འཐུས་མི་དག་ཧུའུ་སེ་དྲག་ཆས་པ་ཕྱིར་འཐེན་བྱེད་སའི་གྲུ་ཁར་སོང་ནས་རྟོག་ཞིབ་བྱས་ཏེ། ཧུའུ་སེ་དྲག་ཆས་པས་དམག་དོན་སྒྲིག་ཆས་ཚང་མ་གཙང་སེལ་བྱས་པ་དང་འཐབ་ར་སྙོམ་པ། ས་འོག་འགད་རྫས་གཙང་སེལ་གྱི་བྱ་བ་ཡོངས་འགྲུབ་བྱས་པ་ཁས་ལེན་བྱེད་པ་དང་། ཡེ་ཡིན་ལ་གྲུ་ཁ་དེ་གསུམ་དང་དེའི་ཉེ་འཁོར་ས་ཁུལ་དུ་ས་འོག་འགད་རྫས་སྦས་པའི་ས་ཁྲ་འདོན་སྤྲོད་བྱེད་རག་བར་དུ། ཡེ་མིན་སྲིད་གཞུང་གི་འཐུས་མིས་ལོ་ལའེ་སི་ཀའོ་བར་གྲོས་མོལ་བྱེད་མི་སྲིད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མགོ་ཁྲིད་པའི་ཡང་བསྐྱར་བཀོད་སྒྲིག་མཐུན་སྦྱོར་ཨུ་ཡོན་ལྷན་ཁང་དེ་ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་པའི་ཕྱོགས་གཉིས་ཀྱི་འཐུས་མི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟ་ཞིབ་པ་སྐོར་ཞིག་གིས་གྲུབ་ཡོད་པ་རེད། ཡེ་མིན་སྲིད་གཞུང་གི་འཐུས་མི་དང་ལོ་ལའེ་སི་ཀའོ་ཡི་ཐེངས་སྔོན་མའི་གྲོས་མོལ་ནི་ཟླ་འདིའི་ཚེས་བཅུ་གཅིག་ཉིན་ཡཱ་ཏེན་ནས་སྤེལ་བ་རེད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།