ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁས་དབུས་ཤར་ས་ཁུལ་དུ་དམག་མི་སྟོང་གཅིག་དང་ལྔ་བརྒྱ་ཁ་སྣོན་བྱེད་རྒྱུའི་ཚུལ་བསྟན། 
2019.05.25 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་ཉེར་བཞིའི་ཉིན་བཤད་རྒྱུར། ཨ་མེ་རི་ཁས་དབུས་ཤར་ས་ཁུལ་དུ་དམག་མི་སྟོང་གཅིག་དང་ལྔ་བརྒྱ་ཁ་སྣོན་བྱས་ཏེ། གཙོ་བོ་འགོག་སྲུང་ལས་འགན་ཁུར་དུ་འཇུག་རྒྱུ་ཡིན་ཟེར། 

ཐི་ལིང་ཕུའུ་ཡིས་ཉིན་དེའི་ཉིན་གུང་ཕོ་བྲང་དཀར་པོ་ནས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨ་མེ་རི་ཁའི་དབུས་ཤར་གྱི་མི་སྣ་དང་ཁེ་ཕན་ལ་སྲུང་སྐྱོབ་ཐོབ་དགོས་པས། ཨ་མེ་རི་ཁས་གཞི་རྒྱ་ཆུང་བའི་འགོག་སྲུང་རང་བཞིན་གྱི་ཨ་མེ་རི་ཁའི་དམག་མི་བཀོད་སྒྲིག་བྱེད་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཚབ་མ་ཧྲ་ནཱ་ཧན་གྱིས་དྲ་ཚིགས་ལས་བཤད་རྒྱུར། ཟུར་ལྔའི་ཐོག་ཁང་ཆེན་མོས་རྒྱལ་ཚོགས་ལ་དམག་མི་མངག་གཏོང་བྱེད་པའི་འཆར་གཞིའི་ཐད་ནས་བརྡ་བཏང་ཡོད། ཨ་མེ་རི་ཁའི་དམག་མི་དེ་དག་ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གི་དབང་འོག་ཏུ་གཏོགས་པའི་གནས་སུ་བཀོད་སྒྲིག་བྱས་ཏེ་དབྱི་ལིང་གི་འཇིགས་ཉེན་ལ་ཁ་གཏད་འཇལ་རྒྱུ་ཡིན་ཟེར། 

གཞན་ཡང་བསྒྲགས་པ་ལྟར་ན། དམག་མི་སྟོང་གཅིག་དང་ལྔ་བརྒྱ་ཙམ་མ་འོངས་པའི་གཟའ་འཁོར་འགའི་ནང་བཀོད་སྒྲིག་བྱེད་རྒྱུ་ཡིན་ཟེར། 

ཐི་ལིང་ཕུའུ་ཡིས་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར་ཨ་མེ་རི་ཁས་དབུས་ཤར་ས་ཁུལ་དུ་དམག་མི་ཁ་སྣོན་བྱ་མི་དགོས་པར་བཤད། དེའི་ཞོར་དུ་གལ་ཏེ་དམག་མི་ཁ་སྣོན་བྱེད་པའི་དགོས་མཁོ་ཡོད་ན་ཁ་གྲངས་མང་ཉུང་གང་ལྟར་ཡང་དབུས་ཤར་ས་ཁུལ་དུ་དམག་མི་མངག་གཏོང་བྱེད་ངེས་ཡིན་ཟེར། ཉིན་དེར་ཧྲ་ནཱ་ཧན་གྱིས་ཨ་མེ་རི་ཁས་དབུས་ཤར་ས་ཁུལ་གྱི་དམག་དོན་སྲུང་སྐྱོབ་ནུས་པ་མཐོར་འདེགས་བྱེད་རྒྱུ་ཡིན་པ་དང་། དེ་དམག་མི་ཁ་སྣོན་བྱེད་པར་ཡང་འབྲེལ་བ་ཡོད་སྲིད་ཟེར། ཚེས་ཉེར་གསུམ་ཉིན་གྱི་དགོང་མོར་ཕོ་བྲང་དཀར་པོས་དབྱི་ལིང་གི་གནས་བབ་དང་དམག་མི་ཁ་སྣོན་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གིས་ཚེས་ཉེར་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་དམག་མི་ཁ་སྣོན་བྱེད་པ་ནི་དྲིལ་སྒྲོག་བྱེད་ཐབས་ཙམ་ཡིན་པ་དང་། དམིགས་ཡུལ་ནི་གླེང་ཕྱོགས་ཀྱི་གནོན་ཤུགས་བཟོ་བའི་ཆེད་ཡིན་ལ། དབྱི་ལིང་ལ་འཇིགས་སྐུལ་ཡང་འཁུམ་པར་བྱེད་མི་སྲིད་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།