ཡེ་མིན་ཧུའུ་སེ་དྲག་ཆས་པས་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་སོ་ཏི་ཨ་རབ་ཀྱི་དམིགས་འབེན་ལ་འཇབ་རྒོལ་བྱས། 
2019.06.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

ཡེ་མིན་ཧུའུ་སེ་དྲག་ཆས་པས་ཚེས་བཅུའི་ཉིན་བཤད་རྒྱུར། ཉིན་དེའི་དགོང་མོར་དྲག་ཆས་པས་མི་བསྡད་མེད་པའི་གནམ་གྲུ་འགའ་བཀོལ་ནས་སོ་ཏི་ཨ་རབ་མངའ་ཁོངས་ཀྱི་དམག་དོན་རྟེན་གཞི་ལ་དཔུང་འཇུག་བྱས་ཟེར། སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཚེས་བཅུ་གཅིག་ཉིན་བསྟན་དོན། སོ་ཏི་ཨ་རབ་ལྷོ་ཕྱོགས་ས་ཁུལ་ནས་ཧུའུ་སེ་དྲག་ཆས་པའི་མི་བསྡད་མེད་པའི་གནམ་གྲུ་གཉིས་སར་འཕངས་ཟེར། 

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་རང་གིས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་བརྒྱུད་དེ་བཤད་རྒྱུར། དྲག་ཆས་ཚོགས་པ་དེས་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་སོ་ཏི་ཨ་རབ་ལྷོ་ཕྱོགས་ཀྱི་ཨ་ཞི་ཨར་ཞིང་ཆེན་གྱི་ཧེ་མུས་སི་མུའུ་ཞེ་ཐི་གྲོང་ཁྱེར་གྱི་རྒྱལ་བོ་ཧ་ལི་ཏིའི་མཁའ་དམག་རྟེན་གཞིར་དཔུང་འཇུག་བྱས་ཟེར། 

སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་མགྲིན་ཚབ་པ་ཐུའུ་ཨར་ཅི་ཡིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། སོ་ཏི་ཨ་རབ་ཀྱི་མཁའ་སྲུང་དམག་དཔུང་གིས་ཚེས་བཅུ་ཉིན་གྱི་དགོང་མོར་སོ་ཏི་ཨ་རབ་ལྷོ་ཕྱོགས་ས་ཁུལ་ནས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མི་བསྡད་མེད་པའི་གནམ་གྲུ་གཉིས་སར་འཕངས་པ་དང་། མི་བསྡད་མེད་པའི་གནམ་གྲུ་དེ་གཉིས་ཀྱིས་སྐབས་ཐོག་དེར་ཧེ་མུས་སི་མུའུ་ཞེ་ཐི་གྲོང་ཁྱེར་གྱི་དམིགས་འབེན་ལ་དཔུང་འཇུག་བྱེད་རྩིས་ཡོད་ཟེར། ཐུའུ་ཨར་ཅི་ཡིས་བཤད་རྒྱུར། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་རྒྱལ་སྤྱིའི་བཅའ་ཁྲིམས་གཞིར་བཟུང་ནས་ཧུའུ་སེ་དྲག་ཆས་པའི་བྱ་སྤྱོད་ལ་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར། 

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཟླ་ལྔ་བའི་ཚེས་བཅུ་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དམག་དོན་དམིགས་འབེན་སུམ་བརྒྱ་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།