རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནུས་ཁུངས་དང་ཁོར་ཡུག་པུའུ་ཀྲང་གི་གྲོས་ཚོགས་ནས་ནུས་ཁུངས་ཀྱི་བདེ་འཇགས་འགན་སྲུང་ལ་ཤུགས་སྣོན་པར་ཡིད་འཐད་བྱུང་།
2019.06.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནུས་ཁུངས་དང་ཁོར་ཡུག་པུའུ་ཀྲང་གི་གྲོས་ཚོགས་དེ་ཚེས་བཅུ་དྲུག་ཉིན་འཇར་པན་གྱི་ཁྲང་ཡེ་རྫོང་ནས་གྲོལ། གྲོས་ཚོགས་ནས་མཉམ་དུ་ནུས་ཁུངས་བདེ་འཇགས་འགན་སྲུང་ལ་ཤུགས་སྣོན་པར་གཅིག་གྱུར་ཡིད་འཐད་བྱུང་བ་དང་། རྒྱ་མཚོའི་འགྱིག་ཤོག་གད་སྙིགས་ཇེ་ཉུང་དུ་གཏོང་བ་དང་མཉམ་དུ་འཕྲོ་འགྱེད་རང་བཞིན་ལྡན་པའི་ཉིང་རྡུལ་ནུས་པའི་མཁོ་མེད་དངོས་རྫས་དོ་དམ་བྱེད་པ་སོགས་ནང་དོན་ཡིན་པའི་ཐུན་མོང་གསལ་སྒྲོག་ལས་གྲོས་འཆམ་བྱུང་། 

འཇར་པན་གྱི་དཔལ་འབྱོར་ཐོན་ལས་བློན་ཆེན་ཧྲི་ཀིན་ཧོང་ཁྲིན་གྱིས་གྲོས་ཚོགས་གྲོལ་རྗེས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཉེ་སྔོན་ཧའོ་ཨར་མུའུ་ཙི་མཚོ་འགག་ཉེ་འདབས་ནས་བྱུང་བའི་སྣུམ་འདྲུད་གྲུ་གཟིངས་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་དམིགས་ཏེ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ནུས་ཁུངས་ཚོང་རའི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་གལ་ཆེན་རང་བཞིན་ཐད་ནས་ཐུན་མོང་གི་ལྟ་ཚུལ་འབྱུང་བར་བརྩོན་རྒྱུ་ཡིན་པ་དང་། ནུས་ཁུངས་བདེ་འཇགས་ཀྱི་འགན་སྲུང་ལ་ཤུགས་སྣོན་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར། 

ཐུན་མོང་གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་རྒྱ་མཚོའི་འགྱིག་ཤོག་གད་སྙིགས་ཇེ་ཉུང་དུ་གཏོང་བའི་རྒྱལ་སྤྱིའི་སྒྲོམ་གཞི་འཛུགས་རྒྱུ་ཐག་བཅད་པ་དང་། རྒྱལ་ཁབ་སོ་སོས་དུས་བཅད་ལྟར་འགུལ་སྐྱོད་འཆར་གཞིའི་གནས་ཚུལ་སྙན་ཞུ་བྱེད་དགོས་པར་མ་ཟད། ཕན་ཚུན་ལྟ་རྟོག་བྱས་ཏེ་འགྱིག་ཤོག་གད་སྙིགས་ཇེ་ཉུང་དུ་གཏོང་བར་བརྩོན་དགོས་ཟེར། 

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་ཐུན་མོང་གསལ་སྒྲོག་ནང་དུ་འཕྲོ་འགྱེད་རང་བཞིན་ཆེ་བའི་ཉིང་རྡུལ་ནུས་པའི་མཁོ་མེད་དངོས་རྫས་ཐག་གཅོད་བྱེད་པའི་ཐད་ནས་ཆེད་དོན་རྒྱལ་སྤྱིའི་གྲོས་ཚོགས་བསྡུས་ཏེ། རྒྱལ་ཁབ་སོ་སོས་མཉམ་དུ་ཉིང་རྡུལ་ནུས་པའི་མཁོ་མེད་དངོས་རྫས་ཐག་གཅོད་བྱེད་སའི་གནས་གདམ་པ་དང་། འབྲེལ་ཡོད་ཤེས་བྱ་དང་ཉམས་མྱོང་མཉམ་སྤྱོད་བྱེད་པ། རྒྱལ་ཁབ་སོ་སོའི་ཞིབ་འཇུག་མཉམ་ལས་དང་ཤེས་ལྡན་མི་སྣའི་བརྗེ་རེས་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།