སི་རི་ཡཱའི་བྱང་ཕྱོགས་ཀྱི་སྡེ་བ་ཞིག་ལ་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ཏེ་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།
2019.06.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

སི་རི་ཡཱའི་འཕྲིན་གཏོང་ཁང་གིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་བྱང་ཕྱོགས་ཀྱི་ཨ་ལེ་ཕའོ་ཞིང་ཆེན་གྱི་སྡེ་བ་ཞིག་ལ་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་འགས་གཏོར་འཇབ་རྒོལ་ཐེབས་ཏེ། མི་སེར་དཀྱུས་མ་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་ལྔར་རྨས་ཕོག་ཟེར། 

བསྒྲགས་པ་ལྟར་ན། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་ཨ་ལེ་ཕའོ་ཞིང་ཆེན་ལྷོ་ངོས་སུ་མེ་ཤུགས་འཕུར་མདའ་འགའ་གཏོང་འཕེན་བྱས་པ་དང་། མེ་སྒྱོགས་དག་སྡོད་དམངས་འདུས་སྡོད་ཁུལ་དུ་ལྷུང་རྗེས་མི་སེར་དཀྱུས་མར་ཤི་རྨས་ཐེབས་པ་དང་རྒྱུ་ནོར་གྱི་གྱོང་གུད་བཟོས་ཡོད། དོན་རྐྱེན་བྱུང་རྗེས་རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱས་པ་དང་། དེའི་ནང་རྨས་མ་སྐོར་ཞིག་གི་རྨས་སྐྱོན་ཚབས་ཆེན་རེད་ཟེར། 

བསྒྲགས་པ་ལྟར་ན། མིག་སྔར་ཨ་ལེ་ཕའོ་ཞིང་ཆེན་གྱི་ནུབ་ངོས་དང་ལྷོ་ནུབ་ས་ཁུལ་དུ་སྔར་བཞིན་དབང་བསྡུའི་འཐབ་ཕྱོགས་ཞེས་དྲག་ཆས་རྩ་འཛུགས་གཙོ་བྱས་པའི་དྲག་ཆས་རྩ་འཛུགས་འགུལ་སྐྱོད་བྱེད་བཞིན་ཡོད་པ་དང་། དྲག་ཆས་ཉེས་ཅན་དག་གིས་སྲིད་གཞུང་དམག་དཔུང་གིས་ཚོད་འཛིན་བྱེད་པའི་ས་ཁུལ་གྱི་གྲོང་ཁྱེར་དང་མཁར་གྲོང་སྡོད་ཁུལ་དུ་འཇབ་རྒོལ་བྱས་ཏེ་མི་སེར་དཀྱུས་མ་མང་བོར་ཤི་རྨས་བཟོ་བཞིན་ཡོད་པ་རེད།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།