ཨུ་རུ་སིའི་གྲོས་ཁང་ཞོལ་མས་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལག་བསྟར་བྱེད་མཚམས་འཇོག་པའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་བཀོད། 
2019.06.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཨུ་རུ་སིའི་གྲོས་ཁང་ཞོལ་མས་ཚེས་བཅོ་བརྒྱད་ཉིན་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་ལག་བསྟར་བྱེད་མཚམས་འཇོག་པའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་བཀོད། བཅའ་ཁྲིམས་འཆར་ཟིན་དེ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་ལྔ་བའི་ཚེས་སུམ་ཅུའི་ཉིན་གྲོས་ཁང་ཞོལ་མར་སྤྲད་པ་རེད། 

བསྒྲགས་པ་ལྟར་ན། བཅའ་ཁྲིམས་འཆར་ཟིན་དེ་ལས་ད་རུང་ཨུ་རུ་སི་ཡིས་ཆིངས་ཡིག་དེ་ལག་བསྟར་བྱེད་པ་སླར་གསོ་བྱེད་པའི་ཆོད་དོན་དེ་རྒྱལ་ཁབ་གཙོ་འཛིན་གྱིས་འདོན་དགོས་པའི་གཏན་འཁེལ་བྱས་ཡོད་ལ། ཨུ་རུ་སིའི་གྲོས་ཁང་གོང་མས་ཟླ་འདིའི་ཚེས་ཉེར་དྲུག་ཉིན་བཅའ་ཁྲིམས་འཆར་ཟིན་དེར་གྲོས་ཞིབ་བྱེད་རྒྱུ་རེད། 

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་པུའུ་ཀྲང་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཚེས་བཅོ་བརྒྱད་ཉིན་བསྟན་དོན། བཅའ་ཁྲིམས་འཆར་ཟིན་དེ་ལས་ཨུ་རུ་སི་ཡིས་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་གནས་སྐབས་སུ་ལག་བསྟར་བྱེད་མཚམས་འཇོག་པ་གཏན་འཁེལ་བྱས་པ་ཙམ་ལས་ཆིངས་ཡིག་དེ་ལས་ཕྱིར་འབུད་པ་མིན་ཟེར། 

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ད་ལོའི་ཟླ་གཉིས་པའི་ཚེས་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ཨུ་རུ་སི་ཡིས་དུས་ཡུན་རིང་བོར་འབྲིང་འཕེན་འཕུར་མདའི་ཆིངས་ཡིག་གི་གཏན་འཁེལ་དང་འགལ་བའི་བྱ་སྤྱོད་སྤེལ་བས། ཨ་མེ་རི་ཁ་ཕྱོགས་ཀྱིས་ཆིངས་ཡིག་དེ་ལག་བསྟར་བྱེད་མཚམས་བཞག་སྟེ། དུས་ཡུན་ཟླ་ངོ་དྲུག་གི་ཆིངས་ཡིག་ལས་ཕྱིར་འབུད་པའི་ལས་རིམ་མགོ་བརྩམས་པ་ཡིན་ཟེར། ཟླ་གསུམ་པའི་ཚེས་བཞིའི་ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་བཀའ་རྒྱ་བཀོད་དེ། ཨུ་རུ་སི་ཡིས་བཀའ་རྒྱ་བཀོད་པའི་ཉིན་དེ་ནས་བཟུང་འབྲིང་འཕུར་མདའི་ཆིངས་ཡིག་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཡིན་ཟེར།

ཨ་མེ་རི་ཁ་དང་སུའུ་ལེན་གྱི་མགོ་ཁྲིད་པའི་གཅིག་སྟོང་དགུ་བརྒྱ་གྱ་བདུན་ལོར་སུའུ་ལེན་དང་ཨ་མེ་རི་ཁས་རྒྱལ་ཁབ་གཉིས་ཀྱི་འབྲིང་འཕེན་དང་འབྲིང་ཐུང་འཕེན་གྱི་འཕུར་མདའ་མེད་པར་གཏོང་བའི་ཆིངས་ཡིག་བཀོད་དེ། རྒྱལ་ཁབ་གཉིས་ཀྱིས་སྤྱི་ལེ་ལྔ་བརྒྱ་ནས་སྤྱི་ལེ་སྟོང་ལྔ་དང་ལྔ་བརྒྱའི་བར་གྱི་སྐམ་སའི་སྐོར་ཞིབ་འཕུར་མདའ་དང་དེའི་གཏོང་འཕེན་སྒྲིག་ཆས་ཐོན་སྐྱེད་དང་ཚོད་ལྟ་བྱེད་མི་རུང་བ་གཏན་འཁེལ་བྱས་ཡོད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།