མའོ་ཁི་ཨར་གྱིས་འཇར་མན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་བཀག་སྡོམ་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱེད་མི་སྲིད་པའི་ཚུལ་བསྟན། 
2019.06.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 36

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། འཇར་མན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་དཔལ་འབྱོར་བཀག་སྡོམ་བྱེད་ཐབས་ཁ་སྣོན་བྱེད་པར་རྒྱབ་སྐྱོར་བྱེད་མི་སྲིད་ཟེར། 

མའོ་ཁི་ཨར་གྱིས་ཉིན་དེར་པའོ་ལིན་ནས་ཝུའུ་ཁི་ལན་གྱི་ཙུང་ཐུང་ཙེ་ལིན་སི་ཅི་དང་གྲོས་མོལ་བྱས། ཁོ་མོས་གྲོས་མོལ་བྱས་རྗེས་ཀྱི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། གཟའ་འཁོར་འདིའི་མཇུག་ཏུ་སྤེལ་རྒྱུ་ཡིན་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྟེང་། འཇར་མན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་ལྟའི་ཨུ་རུ་སི་ལ་དམིགས་པའི་དཔལ་འབྱོར་བཀག་སྡོམ་བྱེད་ཐབས་ཀྱི་ཡུན་ཚད་ཇེ་རིང་དུ་གཏོང་རྒྱབ་སྐྱོར་བྱེད་སྲིད་ཀྱང་། བཀག་སྡོམ་བྱེད་ཐབས་ཁ་སྣོན་བྱེད་པར་རྒྱབ་སྐྱོར་བྱེད་མི་སྲིད་ཟེར། ཝུའུ་ཁི་ལན་གྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ་སླར་གསོ་མ་བྱུང་ན། ནུབ་ཕྱོགས་རྒྱལ་ཁབ་དག་གིས་ཨུ་རུ་སི་ལ་དམིགས་པའི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་མི་སྲིད་ཟེར། 

ཙེ་ལིན་སི་ཅི་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་ད་ལྟའི་ཨུ་རུ་སི་ལ་དམིགས་པའི་དཔལ་འབྱོར་བཀག་སྡོམ་བྱེད་ཐབས་ཀྱི་ཤུགས་ཚད་ཞན་པ་དང་། སྔར་ལས་མང་བོའི་བཀག་སྡོམ་བྱེད་ཐབས་སྤྱོད་དགོས་ཟེར། 

གཞན་ཡང་འཇར་མན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། མའོ་ཁི་ཨར་དང་ཙེ་ལིན་སི་ཅི་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་པེ་ཞི་གཉིས་པ་ཞེས་པའི་རང་བྱུང་སོལ་རླངས་ཀྱི་སྦུག་ལམ་ལས་གཞི་གླེང་བྱུང་། ཙེ་ལིན་སི་ཅི་ཡིས་ལས་གཞི་དེར་ངོ་རྒོལ་བྱེད་པའི་ཚུལ་བསྟན་པ་དང་། ལམ་ཐིག་དེས་ཡོ་རོབ་གླིང་དང་ཝུའུ་ཁི་ལན་གྱི་ནུས་ཁུངས་བདེ་འཇགས་ལ་འཇིགས་ཉེན་བཟོ་སྲིད་པར་འདོད། མའོ་ཁི་ཨར་གྱིས་བསྟན་དོན། ལས་གཞི་དེ་ནི་དཔལ་འབྱོར་ལས་གཞི་རྣལ་མ་ཞིག་ཡིན་པ་དང་། འཇར་མན་གྱིས་ཐབས་ལམ་མང་བོ་བརྒྱུད་དེ་ནུས་ཁུངས་ཐོབ་པར་བྱེད་དགོས་པར་འདོད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།