ཅོར་ཏན་གྱིས་ཕཱ་ལེ་སི་ཐན་གནད་དོན་དང་འབྲེལ་བའི་པཱ་ལིན་དཔལ་འབྱོར་དཔྱད་བསྡུར་ཚོགས་འདུར་ཞུགས་རྒྱུ་ཁྱབ་སྒྲོག་བྱས། 
2019.06.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 34

ཅོར་ཏན་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཅོར་ཏན་ཟླ་འདིར་པཱ་ལིན་ནས་སྤེལ་རྒྱུ་ཡིན་པའི་ཕཱ་ལེ་སི་ཐན་གྱི་གནད་དོན་དང་འབྲེལ་བའི་དཔལ་འབྱོར་དཔྱད་བསྡུར་ཚོགས་འདུར་ཞུགས་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཅོར་ཏན་གྱིས་ནོར་སྲིད་པུའུ་ཡི་མཐོ་རིམ་དཔོན་པོས་སྣེ་ཁྲིད་པའི་འཐུས་ཚབ་ཚོགས་པ་མངག་ནས་པཱ་ལིན་དཔལ་འབྱོར་དཔྱད་བསྡུར་ཚོགས་འདུར་ཞུགས་རྒྱུ་ཡིན་པ་དང་། ཚོགས་ཐོག་ནས་གྲོས་བསྡུར་བྱེད་རྒྱུ་ཡིན་པའི་གྲོས་གཞི་ཚང་མར་ཅོར་ཏན་གྱིས་རྒྱལ་ཁབ་རང་གི་ནམ་རྒྱུན་གྱི་ལངས་ཕྱོགས་གཞིར་བཟུང་ནས་རྣམ་འགྱུར་སྟོན་ངེས་ཡིན་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ཉག་ཅིག་ནི་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁེ་དབང་དང་རང་དབང་ལ་འགན་སྲུང་བྱེད་པའི་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ཡིན་པ་དང་། གནད་དོན་དེའི་ཐད་ཅོར་ཏན་གྱིས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་རྒྱལ་མཚམས་རྨང་གཞིར་བྱས་ཤིང་ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། དཔལ་འབྱོར་གྱི་ཇུས་གཞི་གང་རུང་གིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཆབ་སྲིད་ཐག་གཅོད་ཇུས་གཞིའི་ཚབ་བྱེད་མི་ཐུབ་ཟེར། 

ཟླ་འདིའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར། ཨ་མེ་རི་ཁ་དང་པཱ་ལིན་གྱིས་པཱ་ལིན་གྱི་རྒྱལ་ས་མེད་ནཱ་མེད་ནས་མཉམ་འབྲེལ་གྱིས་ཞི་བདེ་ཡིས་དར་རྒྱས་ལ་སྐུལ་ཞེས་པའི་དཔལ་འབྱོར་དཔྱད་བསྡུར་ཚོགས་འདུ་སྤེལ་རྒྱུ་རེད། ཨ་མེ་རི་ཁ་སྲིད་གཞུང་གིས་བསྒྲགས་པ་ལྟར་ན། ཨ་མེ་རི་ཁ་ཕྱོགས་ཀྱིས་དུས་རབས་གྲོས་མོལ་གྱི་དུས་རིམ་དང་པོའི་ནང་དོན་དེ་གྲོས་ཚོགས་ལ་གྲོས་བསྡུར་བྱེད་པར་སྤྲོད་རྒྱུ་ཡིན་པ་དང་། གཙོ་བོ་ཕཱ་ལེ་སི་ཐན་གྱི་དངུལ་གཏོང་དང་རྨང་གཞིའི་སྒྲིག་ཆས་གསར་འཛུགས་སོགས་ལ་འབྲེལ་ཡོད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།