ལེ་པཱ་ནུན་གྱི་གྲོས་དཔོན་གྱིས་ཨ་མེ་རི་ཁའི་དུས་རབས་གྲོས་མཐུན་ལ་ངོ་རྒོལ་བྱེད་པའི་ཚུལ་བསྟན། 
2019.06.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 60

ལེ་པཱ་ནུན་གྱི་གྲོས་དཔོན་པེ་ལི་ཡིས་ཚེས་ཉེར་གསུམ་ཉིན་ཨ་མེ་རི་ཁས་བཏོན་པའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་དང་འབྲེལ་བའི་དུས་རབས་གྲོས་མཐུན་ལ་ངོ་རྒོལ་བྱེད་པའི་ཚུལ་བསྟན་པ་དང་། ལེ་པཱ་ནུན་གྱིས་ཕཱ་ལེ་སི་ཐན་གྱི་བྱ་གཞག་དང་ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁེ་དབང་ཤོར་བའི་ཨ་མེ་རི་ཁའི་དངུལ་གཏོང་དེ་དང་ལེན་བྱེད་མི་སྲིད་པ་ནན་བཤད་བྱས། 

པེ་ལི་ཡིས་ཉིན་དེར་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། གལ་ཏེ་ཨ་མེ་རི་ཁས་ལེ་པཱ་ནུན་ལ་དཔལ་འབྱོར་དཀའ་ཁག་ཐེབས་པའི་སྐབས་དང་བསྟུན་ནས་མེ་སྒོར་ཐེར་འབུམ་འགའ་ཡིས་བསླུ་བྲིད་གཏོང་འདོད་པ་ནི་ནོར་འཆུག་གི་བྱ་སྤྱོད་ཅིག་རེད་ཟེར། ཁོས་ཨ་རབ་རྒྱལ་ཁབ་དག་གིས་ཕཱ་ལེ་སི་ཐན་གྱི་བྱ་གཞག་ཁྱད་གསོད་བྱེད་པའི་གཡོ་ཇུས་གང་རུང་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། ལེ་པཱ་ནུན་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་མི་དམངས་དང་མཉམ་དུ། མུ་མཐུད་དུ་ཁྲིམས་མཐུན་གྱི་ཐབས་ལམ་ལ་བརྟེན་ནས་ངོ་རྒོལ་བྱེད་རྒྱུ་ཡིན་པ་ནན་བཤད་བྱས། 

ལེ་པཱ་ནུན་དཔོན་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། དེ་ནི་པེ་ལི་ཡིས་ཐོག་དང་པོར་ཨ་མེ་རི་ཁ་ཕྱོགས་ཀྱི་དུས་རབས་གྲོས་མཐུན་ཐད་ནས་ལེ་པཱ་ནུན་གྱི་དངོས་གཞིའི་ལངས་ཕྱོགས་རྒྱས་བཤད་བྱས་པ་རེད། 

དེའི་སྔོན་ལེ་པཱ་ནུན་གྱིས་ཨ་མེ་རི་ཁས་སྤེལ་ཞིང་། ཟླ་འདིའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར་པཱ་ལིན་ནས་སྤེལ་རྒྱུར་ཐག་བཅད་ཡོད་པའི་ཕཱ་ལེ་སི་ཐན་གནད་དོན་དང་འབྲེལ་བའི་དཔལ་འབྱོར་དཔྱད་བསྡུར་ཚོགས་འདུར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས་ཡོད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།