ཐི་ལིང་ཕུའུ་དང་ཅིན་ཀྲིན་ཨིན་གཉིས་ཀྱིས་པན་མིན་ཏེན་ནས་ལག་འཇུ་བྱས། 
2019.07.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 107

ཐི་ལིང་ཕུའུ་དང་ཅིན་ཀྲིན་ཨིན་གཉིས་ཀྱིས་པན་མིན་ཏེན་ནས་ལག་འཇུ་བྱས། 

ཧན་གོར་འཚམས་འདྲི་བྱེད་བཞིན་པའི་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་པན་མིན་ཏེན་ནས་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་ལ་ཐུག་འཕྲད་བྱས། དེའི་རྗེས་སུ་དམག་དོན་རྒྱལ་མཚམས་བརྒལ་བ་དང་། ཁྲའོ་ཞན་གྱིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པའི་ཚུན་ལ། ཁྲའོ་ཞན་གྱི་མངའ་ཁོངས་སུ་བསླེབ་པའི་ཨ་མེ་རི་ཁའི་ཙུང་ཐུང་ཐོག་མར་གྱུར། 

ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཅུ་དྲུག་ཡས་མས་སུ། ཐི་ལིང་ཕུའུ་ཡིས་པན་མིན་ཏེན་གྱི་ཧན་གོའི་ཕྱོགས་ནས་དམག་དོན་རྒྱལ་མཚམས་བར་སོང་སྟེ་ཁ་གཏད་ནས་ཡོང་བའི་ཅིན་ཀྲིན་ཨིན་དང་ལག་འཇུ་བྱས་ཏེ་ཁམས་འདྲི་བྱས། དེའི་རྗེས་སུ་ཐི་ལིང་ཕུའུ་རྒྱལ་མཚམས་ལས་བརྒལ་ནས་ཁྲའོ་ཞན་ཕྱོགས་ནས་ཅིན་ཀྲིན་ཨིན་དང་ཡང་བསྐྱར་ལག་འཇུ་བྱས། དེའི་རྗེས་སུ་ཁོ་གཉིས་མཉམ་དུ་ཧན་གོའི་མངའ་ཁོངས་སུ་ཡོང་ནས་གནས་དེར་སྒུག་ཡོད་པའི་ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་དང་ཐུག་འཕྲད་བྱས། 

དེའི་རྗེས་སུ་ཐི་ལིང་ཕུའུ་དང་ཅིན་ཀྲིན་ཨིན་གྱིས་པན་མིན་ཏེན་གྱི་ཧན་གོའི་ཕྱོགས་ཀྱི་རང་དབང་གི་ཁྱིམ་གཞིས་ནས་སྐར་མ་ལྔ་བཅུའི་རིང་གསང་བའི་གྲོས་མོལ་བྱས། ཅིན་ཀྲིན་ཨིན་གྱིས་གྲོས་མོལ་མ་བྱས་གོང་བཤད་རྒྱུར། ང་ཚོས་པན་མིན་ཏེན་ཞེས་པའི་ལྷོ་བྱང་ཁ་བྲལ་མཚོན་པའི་གནས་དེ་ནས་ལག་འཇུ་བྱས་པ་ལས། ཁྲའོ་ཞན་དང་ཨ་མེ་རི་ཁས་སྔོན་ཆད་ཀྱི་དུས་ཡུན་རིང་བོའི་དགྲར་འཛིན་འབྲེལ་བ་དང་རྩ་བ་ནས་མི་འདྲ་བའི་རྣམ་པ་མངོན་པར་བྱས་ཡོད་པ་མཚོན་ཡོད་ཟེར། ཐི་ལིང་ཕུའུ་ཡིས་བཤད་རྒྱུར། དེ་ནི་ལོ་རྒྱུས་རང་བཞིན་གྱི་ཉིན་ཞིག་ཡིན་པ་དང་། ཁོས་ཅིན་ཀྲིན་ཨིན་གྱིས་གྲོས་མོལ་གདན་ཞུ་དང་ལེན་བྱས་པར་བཀའ་དྲིན་ཞུས་པ་དང་། ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་འབྲེལ་བ་དེ་འདས་པའི་དུས་ཚོད་ངེས་ཅན་ཞིག་གི་ནང་ལེགས་བཅོས་ཆེན་པོ་བྱུང་ཡོད་ཟེར། 

གྲོས་མོལ་མཇུག་སྒྲིལ་རྗེས་ཐི་ལིང་ཕུའུ་ཡིས་སྨྱན་བྱད་ལ་བསྟན་དོན། ཁོས་གྲོས་མོལ་བྱེད་སྐབས་ཅིན་ཀྲིན་ཨིན་གྱིས་ཨ་མེ་རི་ཁར་འཚམས་འདྲི་བྱེད་པར་གདན་ཞུ་བྱས་ཡོད་པ་དང་། ཕྱོགས་གཉིས་ཀྱིས་གྲོས་མོལ་འཐུས་ཚབ་ཚོགས་པ་རྩ་འཛུགས་བྱེད་པར་ཡིད་འཐད་བྱུང་ཡོད་ལ། རྗེས་ཕྱོགས་ཀྱི་གཟའ་འཁོར་གཉིས་ནས་གསུམ་ནང་གྲོས་མོལ་བྱེད་པའི་རེ་བ་ཡོད་ཟེར། 

དེ་ནི་ཁོ་གཉིས་ཀྱིས་སིང་ག་ཕོར་དང་ཧི་ནེ་ནས་གྲོས་མོལ་བྱས་རྗེས་ཀྱི་གྲོས་མོལ་ཐེངས་གསུམ་པ་རེད། ཐེངས་འདིའི་གྲོས་མོལ་ལ་ཟློས་གར་ལྟ་བུའི་རང་བཞིན་ཆེས་ཆེར་ལྡན། ཐི་ལིང་ཕུའུ་ཡིས་ཚེས་ཉེར་དགུའི་ཉིན་དྲ་ཚིགས་བརྒྱུད་དེ་ཚེས་ཉེར་དགུ་ཉིན་ནས་ཚེས་སུམ་ཅུའི་ཉིན་བར་ཧན་གོར་འཚམས་འདྲི་བྱེད་པའི་གོ་སྐབས་དང་བསྟུན་ནས། ཧན་གོ་དང་ཁྲའོ་ཞན་གྱི་དམག་དོན་མིན་པའི་ས་ཁུལ་དུ་སོང་ནས་ཅིན་ཀྲིན་ཨིན་དང་ལག་འཇུ་བྱེད་འདོད་ཡོད་པའི་ཚུལ་བསྟན་པ་དང་། ཁྲའོ་ཞན་ཕྱོགས་ཀྱིས་གྲོས་གཞི་དེར་སྤྲོ་བ་ཆེན་པོ་ལྡན་པའི་ཚུལ་བསྟན། 

ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། ཝུན་ཙེ་ཡུན་གྱིས་ཆིན་ཝ་ཐེ་ནས་ཐི་ལིང་ཕུའུ་དང་གྲོས་མོལ་བྱས། ཝུན་ཙེ་ཡུན་གྱིས་ཐུན་མོང་གི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མུ་མཐུད་དུ་གྲོས་མོལ་བྱེད་པ་ནི་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་མངོན་འགྱུར་དང་ལག་བསྟར་བྱེད་ཆོག་པའི་བྱེད་ཐབས་ཤིག་ཡིན་རེད་ཟེར། ཐི་ལིང་ཕུའུ་ཡིས་བསྟན་དོན། ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་དངོས་གཞིའི་གྲོས་མོལ་ཐེངས་གསུམ་པ་སྤེལ་ཐུབ་མིན་དེ་པན་མིན་ཏེན་ནས་ཅིན་ཀྲིན་ཨིན་དང་གྲོས་མོལ་བྱས་རྗེས་ཀྱི་གནས་ཚུལ་ལ་གཞིགས་ཏེ་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། 

ཆེད་མཁས་པས་བལྟས་ན། ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་ཧི་ནེ་གྲོས་མོལ་ནས་ཡིག་ཆ་འགོད་མ་ཐུབ་པ་དང་། ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་གྲོས་མོལ་གྱི་གོམ་སྟབས་ཇེ་མགྱོགས་སུ་སོང་རྗེས། ཐེངས་འདིའི་ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་ཐེངས་འདིར་པན་མིན་ཏེན་ནས་གྲོས་མོལ་བྱས་པ་དེ་ལས་ཚད་ངེས་ཅན་ཞིག་གི་སྟེང་ནས་ཁྲའོ་ཞན་དང་ཨ་མེ་རི་ཁའི་བར་གྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བར་ཕན་ཐོགས་འབྱུང་སྲིད་པར་འདོད་པ་དང་། དེ་ལས་གྲོས་མོལ་ལ་བརྟེན་ནས་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་བརྡ་རྟགས་བཟང་བོ་བཏང་ཡོད་པར་འདོད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།