དབྱི་རག་ནས་འགད་རྫས་འགས་གཏོར་འཇབ་རྒོལ་བྱུང་ནས་མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་གསུམ་ལ་རྨས་ཕོག
2019.07.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 50

དབྱི་རག་ཉེན་རྟོག་ཕྱོགས་ཀྱི་དཔོན་རིགས་ཀྱིས་ཚེས་དགུ་ཉིན་བཤད་རྒྱུར། དབྱི་རག་གི་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་གྲོང་རྡལ་ཞིག་ནས་ཉིན་དེར་ལམ་འགྲམ་དུ་འགད་རྫས་སྦས་ཏེ་འགས་གཏོར་བཏང་བའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་གསུམ་ལ་རྨས་ཕོག་ཟེར།

སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་ཉེན་རྟོག་དཔོན་རིགས་པ་ཆི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། ཞིང་ཆེན་དེའི་ཞི་ཨར་ཁ་གྲོང་རྡལ་གྱི་བཏུང་ཆུའི་སྒྲིག་ཆས་ཤིག་གི་ཉེ་འདབས་ནས་ཉིན་དེར་ལམ་འགྲམ་དུ་འགད་རྫས་སྦས་ཏེ་འགས་གཏོར་བཏང་བའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་ནས་མི་སེར་གཅིག་རྐྱེན་ལམ་དུ་ཤོར་ལ། དབྱི་རག་གི་བདེ་འཇགས་དམག་མི་དང་ཉེ་འདབས་ཀྱི་སྡོད་དམངས་ས་དེར་ཐོན་སྐབས། འགད་རྫས་གཞན་པ་ཞིག་ཀྱང་འགས་གཏོར་བྱུང་ནས། མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག་ཟེར།

པ་ཆི་ཡིས་བཤད་རྒྱུར། དབྱི་རག་བདེ་འཇགས་དམག་དཔུང་གིས་ས་དེ་བཀག་སྡོམ་བྱས་པར་མ་ཟད། འཇབ་རྒོལ་བ་སྔོག་བཤེར་བྱེད་བཞིན་ཡོད་ཟེར།

མིག་སྔར། རྩ་འཛུགས་དང་མི་སྒེར་གཅིག་གིས་ཀྱང་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་བླངས་མེད། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དྲག་ཆས་མི་སྣས་དུས་རྒྱུན་དུ་དབྱི་རག་གི་མངའ་ཁོངས་ནས་དེ་འདྲའི་འཇབ་རྒོལ་བྱེད་བཞིན་ཡོད།

དབྱི་རག་གིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པར་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་རྒོལ་རྡུང་བྱེད་པའི་ཐད་ནས་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་བླངས་ཡོད་ཅེས་བསྒྲགས་མོད། ཡིན་ནའང་མིག་སྔར་དབྱི་རག་གི་མངའ་ཁོངས་སུ་ད་དུང་ཐལ་སྤྱོད་མི་སྣ་ཁ་ཤས་ལྷག་ཡོད་པ་དང་། དེ་དག་གིས་སྐབས་དང་བསྟུན་ནས་འཇབ་རྒོལ་བྱེད་བཞིན་ཡོད།