དབྱི་རག་ཁུའུ་ཨར་ཏི་རང་སྐྱོང་ཁུལ་གྱི་ཙུང་ལི་གསར་བས་དམ་བཅའ་བཞག་ནས་འགན་ཁུར།
2019.07.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 66

དབྱི་རག་གི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། པ་ཨར་ཀྲ་ཉི་ཡིས་ཚེས་བཅུ་ཉིན་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་ཨེ་ཨར་པེ་ལི་ནས་དམ་བཅའ་བཞག་སྟེ་རང་སྐྱོང་ཁུལ་དེའི་ཙུང་ལིའི་འགན་ཁུར་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཁུའུ་ཨར་ཏི་རང་སྐྱོང་ཁུལ་གྲོས་ཁང་གིས་ཉིན་དེར་འདེམ་ཤོག་འཕངས་ནས་པ་ཨར་ཀྲ་ཉི་ཁུའུ་ཨར་ཏི་རང་སྐྱོང་ཁུལ་གྱི་ཙུང་ལི་གསར་བར་བདམས་པ་དང་། ཐ་ལཱ་པ་ཉི་ཁུའུ་ཨར་ཏི་རང་སྐྱོང་ཁུལ་གྱི་ཙུང་ལི་གཞོན་པར་བདམས། དེས་མི་ཚད་གྲོས་ཁང་དེ་ད་དུང་ཁུའུ་ཨར་ཏི་རང་སྐྱོང་ཁུལ་གྱི་སྲིད་གཞུང་གསར་བའི་མི་སྣ་གཞན་པ་ཉེར་གཅིག་ལ་གྲོས་འཆམ་བྱུང་ཟེར།

པ་ཨར་ཀྲ་ཉི་ཡིས་འགན་ཁུར་བའི་གཏམ་བཤད་སྐབས། ཁུའུ་ཨར་ཏི་རང་སྐྱོང་ཁུལ་གྱི་སྲིད་གཞུང་གསར་བའི་ལས་འགན་གཙོ་བོ་ནི་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། རུལ་སུངས་ལ་རྒོལ་རྡུང་བྱེད་རྒྱུ་མ་ཟད་བཅོས་སྒྱུར་མཐའ་འཁྱོལ་བྱེད་རྒྱུ་དེ་ཡིན་ཟེར།

ད་ལོར་ལོ་ལྔ་བཅུར་བུད་པའི་པ་ཨར་ཀྲ་ཉི་ནི་ཁུའུ་ཨར་ཏི་དམངས་གཙོ་ཏང་གི་མགོ་ཁྲིད་པའི་གྲས་ཡིན་ལ། ཁུའུ་ཨར་ཏི་རང་སྐྱོང་ཁུལ་གྱི་སྔོན་ཆད་ཀྱི་ཀྲུའུ་ཞི་མཱ་སུའུ་ཏི་པ་ཨར་ཀྲ་ཉི་ཡི་བུ་ཡིན་པ་དང་། དུས་ཡུན་རིང་བོར་ཁུའུ་ཨར་ཏི་རང་སྐྱོང་ཁུལ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་མྱོང་།

དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ཁུལ་ལ་རང་སྐྱོང་དབང་ཆ་ཧ་ཅང་ཆེན་པོ་ཡོད་ལ། རང་གི་ཙུང་ལི་དང་གྲོས་ཁང་། བདེ་འཇགས་དམག་དཔུང་སོགས་ཡོད། ཉེ་བའི་ལོ་འགའི་རིང་ལ། དབྱི་རག་ཀྲུང་དབྱང་སྲིད་གཞུང་དང་ཁུའུ་ཨར་ཏི་རང་སྐྱོང་ཁུལ་བར་དུ་རྡོ་སྣུམ་ཐོན་ཁུངས་ཀྱི་ཁེ་ཕན་བགོ་བཤའ་དང་བཅའ་སྡོད་དམག་དཔུང་སོགས་གནད་དོན་ཐད་ནས་འགལ་བ་མཚམས་ཆད་ཀྱིན་མེད། ཉིས་སྟོང་བཅུ་བདུན་ལོའི་ཟླ་དགུ་བའི་ཚེས་ཉེར་ལྔ་ཉིན། ཁུའུ་ཨར་ཏི་རང་སྐྱོང་ཁུལ་གྱིས་རང་བཙན་བྱེད་པའི་ཐད་ནས་སྤྱི་དམངས་ཡོངས་ལ་འདེམས་ཤོག་འཕེན་དུ་བཅུག དབྱི་རག་ཀྲུང་དབྱང་སྲིད་གཞུང་གིས་དེར་ངོ་རྒོལ་དྲག་པོ་བྱས་པ་དང་། དེའི་རྗེས་སུ་ཚོད་འཛིན་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད། ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཅིག་པར། སྤྱི་དམངས་ལ་འདེམས་ཤོག་འཕེན་དུ་བཅུག་པའི་ཁུའུ་ཨར་ཏི་རང་སྐྱོང་ཁུལ་གྱི་ཀྲུའུ་ཞི་མཱ་སུའུ་ཏི་པ་ཨར་ཀྲ་ཉི་ཡིས་འགན་ཁུར་མཚམས་བཞག