མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་སྲིད་གླེང་གནས་ཚུལ་ཁྱབ་བསྒྲགས་དང་རྟོག་ཞིབ་འགོ་རྩོམ་གྲོས་ཚོགས་བསྡུས།
2019.07.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཏུ་གཏོང་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་སྲིད་གླེང་གནས་ཚུལ་ཁྱབ་བསྒྲགས་དང་རྟོག་ཞིབ་འགོ་རྩོམ་གྲོས་ཚོགས་བསྡུས་ནས། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་སོགས་ལས་ཁུངས་བཅུ་བདུན་གྱི་གནས་ཚུལ་ཡར་ཞུ་ལ་ཉན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཏི་ཀྲི་ཡིས་གཏམ་བཤད། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་སྐོར་ཞིག་དང་ཅིག་སན་སློབ་ཚོགས། ཞིང་བཟོ་དམངས་གཙོ་ཏང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣ་བཅས་གྲོས་ཚོགས་ལ་ཞུགས།

ཏུའུ་ཏི་ཀྲི་ཡིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་རབ་དང་རིམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྗོངས་གསུམ་ཁུལ་གསུམ་དང་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། གྲུབ་འབྲས་ལྡན་པའི་བྱ་བ་མང་པོ་བསྒྲུབས། 2018ལོའི་ལོ་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་རྫོང་བཅུ་དགུ་དང་དབུལ་ཕོངས་སྡེ་བ་ལྔ་བརྒྱ་དང་རེ་བདུན་གྱིས་དབུལ་ཕོངས་ཀྱི་ཞ་མོ་ཕུད་པ་དང་། མི་གྲངས་འབུམ་གཉིས་དང་ཁྲི་གཅིག་སྟོང་དྲུག་དབུལ་ཐར་བྱས་ཟེར།

ཏུའུ་ཏུ་ཀྲི་ཡིས་ནན་གྱིས་བསྟན་དོན། ད་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་གནད་འགག་གི་ལོ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་དབུལ་བོ་དབུལ་ནག་ཧ་ལམ་མེད་པར་བྱེད་པའི་ལོ་ཡང་ཡིན་པས། ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཡིས་མཚོ་སྔོན་བོད་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཟླ་དགུ་བའི་ནང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་སྲིད་གླེང་གྲོས་ཚོགས་ཀྱི་གླེང་གཞི་ཁྲོད་བཞག་པ་དང་། དེའི་དམིགས་འབེན་ནི་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་ཏེ། དུས་བཀག་ལྟར་ཁྱོན་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་ཐད་བློ་འདོན་ཇུས་འབུལ་བྱེད་རྒྱུ་དེ་ཡིན། དེ་རིང་གི་གྲོས་ཚོགས་ནི་ཁྱབ་བསྒྲགས་གྲོས་ཚོགས་ཡིན་ལ། རྟོག་ཞིབ་འགོ་རྩོམ་པའི་གྲོས་ཚོགས་ཀྱང་ཡིན་པས། ཞིང་ཆེན་སྲིད་གྲོས་རྟོག་ཞིབ་ཚན་ཆུང་གིས་དབྱེ་ཞིབ་ནན་མོ་བྱེད་པ་དང་། གནད་དོན་ལ་སྤྱི་སྡོམ་བྱེད་པ། གནད་དོན་ཁྲིད་ཕྱོགས་སུ་བྱེད་པ། རྟོག་ཞིབ་ནན་ཏན་སྒོས་སྤེལ་བ། ཕྱོགས་སོ་སོ་དང་ཟུར་སྣེ་མང་པོ་ནས་སྤུས་ཚད་མཐོ་བ་དང་ཁ་གཏད་རང་བཞིན་དང་ལག་བསྟར་རང་བཞིན་ལྡན་པའི་གྲོས་གཞི་བཏོན་ནས། ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་སྲིད་གླེང་གྲོས་ཚོགས་བསྡུ་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཁྱོན་ཡོངས་ཀྱི་དབུལ་ཐར་ལ་སྐུལ་འདེད་གཏོང་བའི་ཐད་སྲིད་གྲོས་ཀྱི་བློ་རིག་དང་སྟོབས་ཤུགས་འབུལ་དགོས་ཟེར།