ཨེ་ཅིབ་ཞི་ནེ་བྱང་མ་ཞིང་ཆེན་གྱི་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་ཐེབས་ཏེ་དམག་མི་གཅིག་རྐྱེན་ལམ་དུ་ཤོར། 
2019.07.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཨེ་ཅིབ་དམག་ཕྱོགས་ཀྱིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་བདེ་འཇགས་དམག་དཔུང་གིས་ཉིན་དེར་ཞི་ནེ་བྱང་མ་ཞིང་ཆེན་གྱི་ཞེ་ཧི་ཙུའུ་ཝེ་ཏི་གྲོང་རྡལ་གྱི་ཞིབ་བཤེར་ས་ཚིགས་ཤིག་ལ་དམིགས་པའི་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་ཕམ་ཉེས་སུ་བཏང་བ་དང་། དམག་མི་གཅིག་རྐྱེན་ལམ་དུ་ཤོར་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། དྲག་ཆས་ཉེས་ཅན་ཞིག་གིས་ཞིབ་བཤེར་ས་ཚིགས་སུ་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བཟོ་རྩིས་བྱས་ཏེ། ཞིབ་བཤེར་ས་ཚིགས་ཀྱི་ཉེ་སར་བཅར་སྐབས་བདེ་འཇགས་དམག་མིས་མེ་མདས་བརྒྱབ་པ་དང་། དེའི་ལུས་སྟེང་གི་རང་སྲོག་གཅོད་པའི་འགད་རྫས་འགས་གཏོར་བྱུང་ནས། དྲག་ཆས་ཉེས་ཅན་དེ་དང་བདེ་འཇགས་དམག་དཔུང་གི་དམག་མི་གཅིག་རྐྱེན་ལམ་དུ་ཤོར་ཟེར། 

ད་ལོའི་ཚུན་ལ། ཨེ་ཅིབ་ཀྱི་ཞི་ནེ་བྱང་མ་ས་ཁུལ་དུ་དྲག་ཆས་འཇབ་རྒོལ་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད་པ་དང་། ཟླ་དྲུག་པར། ཞི་ནེ་བྱང་མ་ཞིང་ཆེན་གྱི་ཨ་ལི་ཧྲི་གྲོང་ཁྱེར་གྱི་ཞིབ་བཤེར་ས་ཚིགས་མང་བོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་བདེ་འཇགས་དམག་དཔུང་གི་མི་སྣ་བཅོ་ལྔ་རྐྱེན་ལམ་དུ་ཤོར་ཡོད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།