ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱིས་གྲོས་མཐུན་བཀོད་དེ་ཨ་མེ་རི་ཁས་སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ལ་དམག་ཆས་ཕྱིར་འཚོང་བྱེད་པར་བཀག་འགོག་བྱེད་རྩིས་བྱས། 
2019.07.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་དམངས་གྲོས་ཁང་གིས་ཚེས་བཅུ་བདུན་ཉིན་གྲོས་ཆོད་སྣ་གསུམ་བཀོད་པ་དང་། དམིགས་ཡུལ་ནི་ཐི་ལིང་ཕུའུ་སྲིད་གཞུང་གིས་སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ལ་དམག་ཆས་ཕྱིར་འཚོང་བྱེད་པར་བཀག་འགོག་བྱེད་པའི་ཆེད་རེད། 

དམངས་གྲོས་ཁང་གིས་ཉིན་དེའི་ཕྱི་དྲོར་ཐོག་མར་ཐི་ལིང་ཕུའུ་སྲིད་གཞུང་གིས་སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ལ་དམག་ཆས་ཕྱིར་འཚོང་བྱེད་པར་བཀག་འགོག་བྱེད་པའི་གྲོས་ཆོད་གཉིས་ལ་གྲོས་མུན་བཀོད་པ་དང་། དེའི་རྗེས་སུ་ཡང་བསྐྱར་གྲོས་ཆོད་ཅིག་བཀོད། གྲོས་ཞུགས་ཁང་གིས་ཟླ་དྲུག་པའི་ཟླ་སྨད་དུ་བརྡས་ཐག་བཅད་དེ་སོ་ཏི་ཨ་རབ་སོགས་རྒྱལ་ཁབ་གསུམ་ལ་དམག་ཆས་ཕྱིར་འཚོང་བྱེད་པའི་གྲོས་ཆོད་སྣ་ཉེར་གཉིས་ལ་གྲོས་འཆམ་བྱུང་། ཚེས་བཅུ་བདུན་ཉིན་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གཉིས་ཀྱིས་གྲོས་མཐུན་བཀོད་པའི་གྲོས་ཆོད་དེ་གསུམ་ཕོ་བྲང་དཀར་པོར་སྤྲད་དེ། ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཆོག་མཆན་བཀོད་དེ་བཅའ་ཁྲིམས་སུ་འགྱུར་དུ་འཇུག་མིན་ཐག་གཅོད་བྱས། 

ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་ཡིས་དེའི་སྔོན་གོང་གི་གྲོས་ཆོད་ལ་ཁས་ལེན་མི་བྱེད་པའི་ཚུལ་བསྟན་ཡོད། གལ་ཏེ་ཙུང་ཐུང་གི་ཆོད་དོན་དེ་རྩ་རྫོགས་བྱེད་དགོས་ན། གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གཉིས་ཀྱི་སོ་སོའི་སུམ་ཆའི་གཉིས་ཀྱི་གྲོས་མིའི་རྒྱབ་སྐྱོར་ཐོབ་དགོས་པས། ཨ་མེ་རི་ཁའི་གསར་འགྱུར་ལས་རིགས་ཀྱིས་ཚོད་དཔག་བྱས་ན་དེ་མངོན་འགྱུར་བྱེད་དཀའ་བར་བསམ་ཡོད། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།