པཱ་ཞིའི་ཙུང་ཐུང་གིས་ཀྲུང་གོའི་བར་གྱི་མཉམ་ལས་འབྲེལ་བར་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན། 
2019.07.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 46

པཱ་ཞིའི་ཙུང་ཐུང་པའོ་སོ་ནཱ་ལོ་ཡིས་ཚེས་བཅུ་དགུའི་ཉིན་པཱ་ཞི་ལེ་ཡཱ་ནས་བསྟན་དོན། ཁོས་ཀྲུང་གོའི་བར་གྱི་མཉམ་ལས་འབྲེལ་བར་ཤུགས་སྣོན་བྱེད་པར་འབད་བརྩོན་བྱས་ཏེ། པཱ་ཞི་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དེ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར། 

པའོ་སོ་ནཱ་ལོ་ཡིས་ཉིན་དེར་པཱ་ཞི་ལེ་ཡཱའི་ཙུང་ཐུང་བཞུགས་ཤག་གི་མཐོ་སྒང་ཕོ་བྲང་ནས་ཁོས་ལས་འགན་ཁུར་རྗེས་ཐོག་དང་པོར་ཕྱི་རྒྱལ་གྱི་གསར་འགོད་པའི་ཞོགས་ཟས་གསོལ་སྟོན་ལ་ཞུགས། ཁོས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་ནན་གྱིས་བསྟན་དོན། ཀྲུང་གོ་ནི་པཱ་ཞིའི་ཉོ་ཚོང་གྲོགས་པོ་ཆེས་ཆེ་བོ་ཡིན་པ་དང་། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོའི་བར་གྱི་མཉམ་ལས་འབྲེལ་བར་ཤུགས་སྣོན་བྱེད་ཅིང་། ཀྲུང་གོའི་བར་ཉོ་ཚོང་གྲོས་མཐུན་བཀོད་དེ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་དེ་ཡང་བསྐྱར་སྐས་རིམ་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

པའོ་སོ་ནཱ་ལོ་ཡིས་བཤད་རྒྱུར། པཱ་ཞི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ལ་སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་ཉོ་ཚོང་ལས་གཞི་མཚམས་སྦྱོར་བྱེད་འདོད་ཡོད་པ་དང་། ཕྱོགས་གཉིས་ཀྱིས་མཉམ་དུ་སྔར་ལས་རྒྱ་ཆེ་བའི་མཉམ་ལས་ཁྱབ་ཁོངས་གཏན་འཁེལ་བྱས་ཆོག་ཟེར། 

པའོ་སོ་ནཱ་ལོ་ཡིས་ད་རུང་བཤད་རྒྱུར། པཱ་ཞི་ཡིས་ད་ལོའི་ཟླ་བཅུ་གཅིག་པར་སྤེལ་རྒྱུ་ཡིན་པའི་གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་ལ་གྲ་སྒྲིག་གང་ལེགས་བྱེད་བཞིན་ཡོད་པ་དང་། ཐེངས་འདིའི་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་པར་རེ་བཞིན་ཡོད་ཟེར། 

པཱ་ཞིའི་ཙུང་ཐུང་བཞུགས་ཤག་དམག་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལོ་ལོན་ཙོ་ནེ་ཡིས་ཉིན་དེར་མཚམས་སྦྱོར་བྱས་དོན། པཱ་ཞིའི་སྲིད་གཞུང་གིས་སྒེར་གཉེར་ཅན་དང་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ལས་གཞི་རབ་དང་རིམ་པར་འཆར་འགོད་བྱེད་བཞིན་ཡོད་པ་དང་། མ་འོངས་པར་ལྕགས་ལམ་དང་གནམ་གྲུ་ཐང་། གྲུ་ཁ། གློག་འདྲེན་སྐུད་ལམ་སོགས་མང་དུ་འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ། ཀྲུང་གོའི་དངུལ་གཏོང་ཁེ་ལས་ཧུར་ཐག་སྒོས་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།