མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པས་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བ་སོགས་རྒྱུ་རྐྱེན་གྱིས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་པའི་ཚུལ་བསྟན། 
2019.07.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལིག་ཀྲིན་མེན་གྱིས་ཚེས་བཅུ་དགུའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བ་དང་། ནམ་ཟླའི་འགྱུར་ལྡོག རྒན་པའི་ཁ་གྲངས་ཇེ་མང་དུ་འགྲོ་བ་སོགས་རྒྱུ་རྐྱེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་ཤུགས་རྐྱེན་ཐེབས་སྲིད་ཟེར། 

ལིག་ཀྲིན་མེན་གྱིས་བསྟན་དོན། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་དེ་སྔར་བཞིན་ཉིས་སྟོང་བརྒྱད་ལོའི་དངུལ་ལོར་ཉམས་ཉེན་སྔོན་གྱི་ཆུ་ཚད་དུ་བསླེབ་ཐུབ་མེད་ཅིང་། དཔལ་འབྱོར་ཚོགས་ཁག་གཙོ་བོའི་བར་གྱི་ཉོ་ཚོང་ཛ་དྲག་ཡིན་པ་དང་། དངུལ་བུན་གྱི་གནོན་ཤུགས་ཆེ་བ། དངུལ་ལོར་གནས་བབ་ཇེ་སྡུག་ཏུ་འགྲོ་བ་སོགས་ནི་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གྱི་མདུན་དུ་ལྷགས་པའི་མི་མངོན་པའི་ཉེན་ཁ་ཡིན་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། དཔལ་འབྱོར་སླར་གསོ་བྱེད་པ་དང་། སློབ་གསོ་དང་བདེ་ཐང་། རྒྱུན་མཐུད་ཀྱི་རྨང་གཞིའི་སྒྲིག་ཆས། ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་སོགས་ཁྱབ་ཁོངས་ཀྱི་དངུལ་གཏོང་ཇེ་མང་དུ་གཏོང་དགོས་ཟེར། 

ལིག་ཀྲིན་མེན་གྱིས་བསྟན་དོན། ཉིས་སྟོང་སུམ་ཅུ་ལོའི་བར། འཛམ་གླིང་ཡོངས་ཀྱི་མི་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཙམ་དུས་ཡུན་རིང་བོའི་ལས་ཞུགས་ཉེན་ཁར་འཕྲད་ངེས་རེད། ལས་ཞུགས་ཉེན་ཁ་ཇེ་ཆེར་སོང་བ་ལས་སྔར་ལས་ལྷག་པའི་སྒོ་ནས་བདེ་འཇགས་མིན་པ་དང་འདྲ་མཉམ་མིན་པའི་སྣང་ཚུལ་ཇེ་ཆེར་སོང་ཡོད་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བཀག་རྒྱ་བཟོས་ཡོད་པར་མ་ཟད། གཏན་འཇགས་མིན་པ་དང་བདེ་འཇགས་མིན་པའི་ཚོར་བ་འབྱུང་སྲིད། འཛམ་གླིང་ཡོངས་སུ་མིག་སྔར་སུམ་ཆའི་གཉིས་ཀྱི་མིའི་ཡོང་འབབ་དང་རྒྱུ་ནོར་འདྲ་མཉམ་མིན་པའི་སྣང་ཚུལ་འབྱུང་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མྱུར་མོར་བྱེད་ཐབས་སྤྱད་དེ་ཐག་གཅོད་བྱེད་དགོས་ཟེར། 

ལིག་ཀྲིན་མེན་གྱིས་བསྟན་དོན། ཉིས་སྟོང་སུམ་ཅུ་ལོའི་བར། འཛམ་གླིང་ཡོངས་ཀྱི་མི་གྲངས་ཐེར་འབུམ་བརྒྱ་དང་དུང་ཕྱུར་ལྔར་བསླེབ་སྲིད་པ་དང་། རྒན་པའི་ཁ་གྲངས་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་སྲིད་ལ། རྒན་པའི་གནད་དོན་དབང་གིས་རྒྱལ་ཁབ་སོ་སོས་ངེས་པར་དུ་དངུལ་གཏོང་ཁ་སྣོན་བྱེད་པ་དང་། ཚེ་གང་བོའི་གསོག་འཇོག་ལ་སྐུལ་འདེད་བཏང་ནས། ལོ་ཚོད་མི་འདྲ་བའི་སྤྱི་ཚོགས་ཀྱི་འགན་སྲུང་ལ་ཤུགས་སྣོན་བྱས་ཏེ། རྒན་པའི་ཁ་གྲངས་མང་བ་ལས་སྟོབས་ཞན་མི་གྲངས་ཇེ་མང་དུ་འགྲོ་བ་དང་འདྲ་མཉམ་མིན་པའི་སྣང་ཚུལ་ཛ་དྲག་ཏུ་མི་འགྲོ་བར་འགན་སྲུང་བྱ་དགོས་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།