དབྱི་སི་རལ་དམག་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་པའི་ཁང་བ་བཙན་གྱིས་བཤིག་པར་ཀུན་གྱིས་ངོ་རྒོལ་དྲག་པོ་བྱས། 
2019.07.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33

དབྱི་སི་རལ་དམག་དཔུང་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་གཉིས་ཉིན་ཡེ་ལུའུ་སཱ་ལེམ་དུ་ཡོད་པའི་ཕཱ་ལེ་སི་ཐན་གྱི་མིའི་སྡོད་ཁང་ཁང་ཤར་བཅུ་གཉིས་བཙན་བཤིག་བྱས་པར་ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ངོ་རྒོལ་དྲག་པོ་བྱས། 

ཚེས་ཉེར་གཉིས་ཉིན་གྱི་ཞོགས་པར། དབྱི་སི་རལ་གྱི་དམག་མི་དང་ཉེན་རྟོག་པ་བརྒྱ་ཕྲག་འགའ་ཡེ་ལུའུ་སཱ་ལེམ་ཤར་མའི་སུའུ་ཨར་པཱ་ཧི་ཨར་སྡེ་བའི་ཝ་ཏིས་ཧི་མུའུ་ས་ཁུལ་དུ་སོང་ནས། ས་འདེད་འཕྲུལ་ཆས་བཀོལ་ནས་ཕཱ་ལེ་སི་ཐན་པའི་སྡོད་ཁང་ཁང་ཤར་བཅུ་གཉིས་དུས་ཚོད་བཅུའི་རིང་བཤིག་སྟེ། ཕཱ་ལེ་སི་ཐན་གྱི་ཁྱིམ་ཚང་གསུམ་གྱི་མི་བཅུ་བདུན་ལ་འགྲོ་སའི་ཁྱིམ་མེད་པར་གྱུར། 

ཁང་བ་བཙན་བཤིག་བྱས་པའི་ཕཱ་ལེ་སི་ཐན་གྱི་སྡོད་དམངས་ཀྱིས་བཤད་རྒྱུར། ས་ཁུལ་དེ་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་སུ་གཏོགས་པ་དང་། ཁོ་ཚོར་ཕཱ་ལེ་སི་ཐན་ཕྱོགས་ཀྱི་འཛུགས་སྐྲུན་ཆོག་མཆན་ཐོབ་ཡོད་ཟེར། དབྱི་སི་རལ་གྱི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་གཅིག་སྟོང་དགུ་བརྒྱ་གོ་གསུམ་ལོར་བཀོད་པའི་ཨོ་སི་ལུའུ་གྲོས་མཐུན་ལྟར་ན། ཝ་ཏིས་ཧི་མུའུ་ས་ཁུལ་དེ་ཕཱ་ལེ་སི་ཐན་གྱི་ཚོད་འཛིན་ས་ཁུལ་དུ་ཡོད་ཟེར། 

དབྱི་སི་རལ་དམག་ཕྱོགས་ཀྱིས་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་མི་དེ་དག་གི་སྡོད་ཁང་མཐའ་མཚམས་བར་གྱང་ཉེ་བའི་གནས་སུ་ཡོད་པ་དང་། བཀག་སྡོམ་བྱས་པའི་དམག་དོན་ས་ཁུལ་དུ་གཏོགས་པས་ངེས་པར་དུ་བཤིག་དགོས་ཟེར། ད་ལོའི་ཟླ་དྲུག་པར་དབྱི་སི་རལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་གཏོར་བཤིག་འཆར་གཞི་དེར་ཆོག་མཆན་བཀོད་པ་དང་། ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་དབྱི་སི་རལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཕཱ་ལེ་སི་ཐན་པའི་གཏོར་བཤིག་རེ་འདོད་ལ་འགོར་འགྱངས་བྱེད་པར་ཁས་ལེན་མ་བྱས། 

ཐེས་འདིའི་སྡོད་ཁང་བཤིག་པའི་བྱ་བར་ཕཱ་ལེ་སི་ཐན་པས་ངོ་རྒོལ་དྲག་པོ་བྱས། དབྱི་སི་རལ་གྱི་དམག་དཔུང་བར་འཁྲུག་རྩོད་བྱས་ཏེ། ཕཱ་ལེ་སི་ཐན་གྱི་མི་བཅུ་ལྷག་ལ་རྨས་ཕོག་ཡོད་ཟེར། 

ཕཱ་ལེ་སི་ཐན་སྲིད་གཞུང་གིས་དབྱི་སི་རལ་གྱི་བྱ་སྤྱོད་དེར་རྒོལ་གཏམ་དྲག་པོ་བཏང་། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་ཉེར་གཉིས་ཉིན་གསལ་སྒྲོག་ཅིག་ལས་དབྱི་སི་རལ་གྱིས་ཉེས་སྤྱོད་དེའི་འགན་ཡོངས་སུ་ཁུར་དགོས་པའི་རེ་བ་བཏོན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེ་གཏོགས་བྱས་ཏེ་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་མི་དམངས་ཀྱི་ཁེ་ཕན་དང་ས་ཞིང་ལ་གནོད་སྐྱེལ་བར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།