མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡེ་མིན་ཡཱ་ཏེན་གྱི་འཁྲུག་རྩོད་ལས་མི་སུམ་བརྒྱར་ཤི་རྨས་ཐེབས་ཡོད་པའི་ཚུལ་བསྟན། 
2019.08.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཡེ་མིན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་གྱི་མཐུན་སྦྱོར་བ་ཀི་ལན་ཏི་ཡིས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཚེས་བརྒྱད་ཉིན་ནས་བཟུང་ཡེ་མིན་གྱི་གནས་སྐབས་རྒྱལ་ས་ཡཱ་ཏེན་ནས་དྲག་ཤུགས་འཁྲུག་རྩོད་ཛ་དྲག་ཏུ་གྱུར་བའི་ཚུན་ལ། འཁྲུག་རྩོད་ཁྲོད་མི་བཞི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉིས་བརྒྱ་དང་དྲུག་ཅུར་རྨས་ཕོག་ཡོད་ཟེར། 

ཀི་ལན་ཏི་ཡིས་འཁྲུག་རྩོད་ཕྱོགས་ཁག་སོ་སོས་རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་བྱས་ཏེ་ཡེ་མིན་མི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོ་མོས་བསྟན་དོན། མི་ཆོས་རིང་ལུགས་རྩ་འཛུགས་ཀྱིས་མུ་མཐུད་དུ་མང་ཚོགས་ལ་རོགས་རམ་བྱེད་དགོས་པར་མ་ཟད། སྨན་བཅོས་རུ་ཁག་མངག་ནས་རྨས་མར་གསོ་བཅོས་བྱེད་དགོས་ཟེར། 

ཉིན་དེར་ཡེ་མིན་ལྷོ་ཕྱོགས་བར་བརྒལ་ཨུ་ཡོན་ལྷན་ཁང་གིས་གསལ་སྒྲོག་སྤེལ་ཏེ། ཕྱོགས་ཡོངས་ནས་ཡཱ་ཏེན་བཙན་བཟུང་བྱས་པ་དང་། བཙན་བཟུང་བྱས་པའི་ས་ཁུལ་ལ་ཡཱ་ཏེན་གྲོང་ཁྱེར་ནང་ཁུལ་གྱི་ཙུང་ཐུང་བཞུགས་ཤག་དང་། རྒྱལ་སྤྱིའི་གནམ་གྲུ་ཁང་། དངུལ་ཁང་། སྲིད་གཞུང་གི་ལས་ཁུངས་གཙོ་བོ། དམངས་སྤྱོད་སྒྲིག་ཆས་བཅས་འདུས་པར་མ་ཟད། ས་ཁུལ་དེ་དག་ནས་ཕྱིར་འཐེན་བྱེད་མི་སྲིད་པའི་ཚུལ་བསྟན། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།