ནེ་ཀྲི་རི་ཡཱའི་དམག་དཔུང་དང་པའོ་ཁི་གནས་མཆོག་ཅེས་པའི་དྲག་ཆས་ཉེས་ཅན་གྱིས་འཁྲུག་རྩོད་བྱས་ཏེ་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར། 
2019.08.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ནེ་ཀྲི་རི་ཡཱའི་དམག་ཕྱོགས་མི་སྣས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ནེ་ཀྲི་རི་ཡཱའི་དམག་དཔུང་གིས་ཉེ་སྔོན་ནེ་ཀྲི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་པའོ་ཨར་ནོའུ་ཀྲིག་ནས་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱས་ཏེ། མི་བཅུ་གཉིས་རྐྱེན་ལམ་དུ་ཤོར། 

ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་བཤད་རྒྱུར། པའོ་ཁི་གནས་མཆོག་ཅེས་པའི་དྲག་ཆས་ཉེས་ཅན་གྱིས་ཚེས་བཅུ་ཉིན་གྱི་དགོང་མོར་ནེ་ཀྲི་རི་ཡཱའི་དམག་དཔུང་གིས་པའོ་ཨར་ནོའུ་ཀྲིག་ཀུའུ་པུས་ཨོ་གྲོང་རྡལ་གྱི་རྟེན་གཞི་ཞིག་ལ་འཇབ་རྒོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་དུས་ཚོད་འགའི་རིང་འཁྲུག་རྩོད་བྱས། དྲག་ཆས་ཉེས་ཅན་བརྒྱད་དང་དམག་མི་གཉིས་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར། གཞན་ཡང་མི་སེར་དཀྱུས་མ་གཉིས་ལ་མདའ་འཆའ་ཕོག་ནས་རྐྱེན་ལམ་དུ་ཤོར། ནེ་ཀྲི་རི་ཡཱའི་དམག་དཔུང་གིས་མཇུག་མཐར་རང་གི་ཁྱད་སྟོབས་ལ་བརྟེན་ནས་དྲག་ཆས་ཉེས་ཅན་མཐར་སྐྲོད་བཏང་བ་རེད་ཟེར། 

པའོ་ཨར་ནོའུ་ཀྲིག་གི་ཀྲིག་ཀྲང་ཙུའུ་ལུའུ་མུའུ་ཡིས་ཐེངས་འདིའི་འཁྲུག་རྩོད་དོན་རྐྱེན་བདེན་དཔང་བྱས་པར་མ་ཟད། ཀྲིག་སྲིད་གཞུང་གི་ནམ་རྒྱུན་དམག་དཔུང་ལ་དགོས་ངེས་ཀྱི་མཁོ་སྒྲུབ་རྒྱབ་སྐྱོར་འདོན་སྤྲོད་བྱས་ཏེ། པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་ཁ་ལོན་པར་ཁག་ཐེག་བྱེད་བཞིན་ཡོད་ཟེར། 

ས་དེའི་དམངས་དམག་རྩ་འཛུགས་ཀྱི་འགན་ཁུར་བ་ཞིག་གིས་བཤད་རྒྱུར། རྩ་འཛུགས་དེས་ཐེངས་འདིའི་འཁྲུག་རྩོད་ཁྲོད་དམག་དཔུང་ལ་གཞོགས་འདེགས་བྱས་ཏེ་མཉམ་དུ་དྲག་ཆས་ཉེས་ཅན་ཕམ་ཉེས་སུ་བཏང་བ་ཡིན་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།