ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱི་གྲོས་མོལ་སྐོར་ཐེངས་བརྒྱད་པ་མཇུག་སྒྲིལ། 
2019.08.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཨ་མེ་རི་ཁ་དང་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱིས་ཁཱ་ཐར་གྱི་རྒྱལ་ས་ཏའོ་ཧཱ་ནས་སྤེལ་བའི་སྐོར་ཐེངས་བརྒྱད་པའི་གྲོས་མོལ་ཚེས་བཅུ་གཉིས་ཉིན་མཇུག་སྒྲིལ་བ་དང་། ཕྱོགས་གཉིས་ཀྱིས་ཨ་ཧྥུའུ་ཧན་གནད་དོན་ཐད་ནས་མཇུག་མཐའི་གྲོས་མཐུན་བཀོད་མེད་ཀྱང་། ཕྱོགས་གཉིས་ཀྱིས་གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་པའི་ཚུལ་བསྟན། 

ཨ་མེ་རི་ཁའི་སྲིད་གཞུང་གི་ཨ་ཧྥུའུ་ཧན་གྱི་འགྲིག་མཐུན་ལས་དོན་གྱི་དམིགས་བསལ་འཐུས་མི་ཧཱ་ལེ་ལེ་ཀྲ་ཏི་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཨ་མེ་རི་ཁ་དང་ཐཱ་ལེ་པན་གྱིས་ཟླ་འདིའི་ཚེས་གསུམ་ཉིན་ནས་བཟུང་མགོ་བརྩམས་པའི་སྐོར་ཐེངས་བརྒྱད་པའི་གྲོས་མོལ་ཉིན་དེར་མཇུག་སྒྲིལ་བ་དང་། ཐེངས་འདིའི་གྲོས་མོལ་གྱི་མཇུག་མཐའི་ཉིན་འགར་གཙོ་བོ་ཞིབ་ཆའི་ལག་རྩལ་གནད་དོན་རེ་འགའ་གཙོར་བཟུང་བ་ཡིན་ལ། གྲོས་མོལ་ལ་གྲུབ་འབྲས་བཟང་བོ་ཐོབ་ཡོད་ཟེར། ཁོས་གྲོས་མོལ་ལ་གྲུབ་འབྲས་གང་འདྲ་ཐོབ་པ་གསལ་བོར་བཤད་མེད། 

ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བསྟན་དོན། སྐོར་ཐེངས་བརྒྱད་པའི་གྲོས་མོལ་ལ་དཀའ་སྡུག་ཆེ་ཞིང་གྲུབ་འབྲས་ལྡན་པ་ཞིག་རེད། ཕྱོགས་གཉིས་ཀྱི་གྲོས་མོལ་འཐུས་མིས་རང་རང་གི་མགོ་ཁྲིད་པར་སྙན་ཞུ་བྱས་ཏེ་རྗེས་ཕྱོགས་ཀྱི་ནང་དོན་གཏན་འཁེལ་བྱེད་རྒྱུ་ཐག་བཅད་ཡོད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།