ཨོ་སི་ཁྲུ་ལི་ཡཱའི་སྲིད་གཞུང་གིས་ཨོ་སྒོར་ཐེར་འབུམ་གསུམ་བཏང་ནས་དམིགས་བསལ་དམག་དཔུང་ལ་དྲག་ཆས་སྤྲས་རྒྱུ་རེད། 
2019.08.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཨོ་སི་ཁྲུ་ལི་ཡཱའི་སྲིད་གཞུང་གིས་ཚེས་བཅུ་གཉིས་ཉིན་ཁྱབ་སྒྲོག་བྱས་དོན། ལོ་ངོ་ཉི་ཤུའི་ནང་ཨོ་སྒོར་ཐེར་འབུམ་གསུམ་བཏང་སྟེ་རྩེར་སོན་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ་དམིགས་བསལ་དམག་དཔུང་གི་འཐབ་འཛིང་ནུས་པ་ཇེ་དྲག་ཏུ་གཏོང་རྒྱུ་ཡིན་ཟེར། 

ཨོ་སི་ཁྲུ་ལི་ཡཱའི་སྲིད་གཞུང་གི་དྲ་ཚིགས་ལས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཐེངས་འདིར་དམིགས་བསལ་དམག་དཔུང་ལ་མ་དངུལ་གཏོང་བ་ནི་མུ་མཐུད་དུ་ཉིས་སྟོང་བཅུ་དྲུག་ལོའི་ཨོ་སི་ཁྲུ་ལི་ཡཱའི་རྒྱལ་སྲུང་གི་རྒྱབ་ཤ་དཀར་པོའི་དཔེ་ཆ་ལས་གླེང་བའི་དམིགས་བསལ་འཐབ་འཛིང་ནུས་པར་ཤུགས་སྣོན་བྱེད་རྒྱུའི་ཆེད་ཡིན་ཟེར། 

ཨོ་སི་ཁྲུ་ལི་ཡཱའི་ཙུང་ལི་མའོ་ལི་སིན་གྱིས་གསལ་སྒྲོག་ནང་བཤད་རྒྱུར། སྲིད་གཞུང་གིས་མ་དངུལ་གཏོང་བར་ཆོག་མཆན་བཀོད་དེ། དམིགས་བསལ་དམག་དཔུང་ལ་རྩེར་སོན་གྱི་སྒྲིག་ཆས་དང་ནུས་པ་ལྡན་པར་འགན་སྲུང་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་འཇིགས་སྐུལ་རིང་ལུགས་དང་བཅས་པའི་འཇིགས་ཉེན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། 

གསལ་སྒྲོག་ལས་མཚམས་སྦྱོར་བྱས་དོན། ཐེངས་འདིར་དམིགས་བསལ་དམག་དཔུང་ལ་མ་དངུལ་གཏོང་བའི་དུས་རིམ་དང་པོར་ཀི་ལོས་ཧྥུན་ལས་གཞི་ཞེས་སུ་འབོད་པ་དང་། ཚོད་དཔག་བྱས་ན་ཨོ་སྒོར་དུང་ཕྱུར་ལྔ་གཏོང་རྩིས་ཡོད་པ་རེད། ཨོ་སི་ཁྲུ་ལི་ཡཱའི་རྒྱལ་སྲུང་པུའུ་ཀྲང་ལོས་ནོའུ་ཙི་ཡིས་བསྟན་དོན། ཀི་ལོས་ཧྥུན་ལས་གཞི་ཡིས་དམིགས་བསལ་དམག་དཔུང་ལ་ཕུལ་དུ་བྱུང་བའི་སྒྲིག་ཆས་བཟང་བོ་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། ཞོར་དུ་དམིགས་བསལ་དམག་དཔུང་དང་གསང་འཕྲིན། ཚན་རྩལ་སོགས་ལས་ཁུངས་བར་གྱི་མཉམ་ལས་ལ་རོགས་འདེགས་བྱས་ཏེ་མ་འོངས་པའི་འཇིགས་ཉེན་དང་གོ་སྐབས་དཔྱད་འཇོག་བྱེད་རྒྱུ་ཡིན་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།