ཁཱ་ཐར་དང་དབྱི་ལིང་གི་མགོ་ཁྲིད་པས་ཁ་པར་གྲོས་མོལ་ལ་བརྟེན་ནས་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས། 
2019.08.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 46

ཁཱ་ཐར་གྱི་རྒྱལ་ཁབ་མགོ་གཙོ་ཐཱ་མུས་མུའུ་ཡིས་ཚེས་བཅུ་གཅིག་ཉིན་དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་ས་ཁུལ་གྱི་གནས་བབ་དང་བདེ་འཇགས་སོགས་གནད་དོན་ཐད་ནས་གྲོས་བསྡུར་བྱས། 

ཐཱ་མུས་མུའུ་ཡིས་ཁ་པར་གཏོང་སྐབས་བསྟན་དོན། དབྱི་ལིང་གིས་ས་ཁུལ་དེར་ནུས་པ་གལ་ཆེན་འདོན་བཞིན་ཡོད་པ་དང་། ཁཱ་ཐར་གྱིས་དབྱི་ལིང་བར་མཉམ་ལས་བྱས་ནས། ཕྱོགས་གཉིས་ཀྱི་འབྲེལ་བར་ཤུགས་སྣོན་དང་ས་ཁུལ་གྱི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པའི་རེ་བ་བཅངས་ཡོད་ཟེར། 

ལུའུ་ཧཱ་ནེ་ཡིས་ཁ་པར་གཏོང་སྐབས་ནན་གྱིས་བསྟན་དོན། དབྱི་ལིང་གིས་མཚོ་ཁུགས་དང་ཧའོ་ཨར་མུའུ་ཙི་མཚོ་འགག་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་པ་དང་། མཛའ་མཐུན་རྒྱལ་ཁབ་དག་དང་མཉམ་དུ་མུ་མཐུད་དུ་གྲོས་མོལ་བྱས་ཏེ། ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ལུའུ་ཧཱ་ནེ་ཡིས་བསྟན་དོན། འབྲེལ་ཡོད་རྒྱལ་ཁབ་བར་གྱི་འགྲོ་འོང་ལ་ཤུགས་སྣོན་བྱས་པ་བརྒྱུད་དེ། ཐུན་མོང་བདེ་འཇགས་བྱེད་ཐབས་སྒྲོམ་གཞིའི་ནང་ས་ཁུལ་རང་གི་བདེ་འཇགས་དང་གཏན་འཇགས་མངོན་འགྱུར་བྱེད་པའི་ངེས་པ་ཡོད་ཟེར། ཁོས་ད་རུང་ས་ཁོངས་གཞན་པའི་རྒྱལ་ཁབ་རེ་འགས་ས་ཁུལ་རང་དུ་རྙོག་དྲ་བཟོས་ནས། ས་ཁུལ་གྱི་གནད་དོན་དེ་སྔར་ལས་རྙོག་འཛིང་དང་ཉེན་ཁ་ཅན་དུ་འགྱུར་བར་བྱེད་བཞིན་ཡོད་པའི་ཉེན་བརྡ་བཏང་། 

ཁཱ་ཐར་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན། ཁཱ་ཐར་གྱི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་མུའུ་ཧན་མའོ་ཏི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་དང་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་དང་ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།