མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ན་གཞོན་དག་སློབ་སྦྱོང་གི་ཉམས་ཉེན་ལ་འཕྲད་ཡོད་པའི་ཉེན་བརྡ་བཏང་། 
2019.08.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་སྤྱིའི་ན་གཞོན་ཉིན་མོ་ཐོན་ལ་ཉེ་བའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཞུ་ཚིག་ཕུལ་ཏེ། ན་གཞོན་དག་སློབ་སྦྱོང་གི་ཉམས་ཉེན་ཞིག་ལ་འཕྲོད་ཡོད་པའི་ཉེན་བརྡ་བཏང་། དེའི་ཞོར་དུ་སློབ་གྲྭས་ན་གཞོན་དག་ལ་ལག་རྩལ་གསར་བརྗེའི་ཁྲོད་མཁོ་བའི་རྩལ་ནུས་སྣ་ཚོགས་བརྒྱུད་སྤྲོད་མ་བྱས་པར་སྐྱོན་བརྗོད་བྱས། 

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་གཅིག་སྟོང་དགུ་བརྒྱ་གོ་དགུའི་ལོར་གྲོས་ཆོད་བཀོད་དེ། ལོ་རེའི་ཟླ་བརྒྱད་པའི་ཚེས་བཅུ་གཉིས་ཉིན་རྒྱལ་སྤྱིའི་ན་གཞོན་ཉིན་མོར་གཏན་འཁེལ་བྱས། ད་ལོའི་རྒྱལ་སྤྱིའི་ན་གཞོན་ཉིན་མོའི་བརྗོད་སྙིང་ནི་སློབ་གསོའི་བཅོས་བསྒྱུར་ཞེས་པ་དེ་ཡིན་ལ། དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་སློབ་གསོའི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་སྟེ། སློབ་གསོ་ལ་སྔར་ལས་བཟོད་སྒོམ་ལྡན་པར་བྱེད་པ་དང་། སློབ་གསོ་དང་མིག་སྔའི་འཛམ་གླིང་བར་སྔར་ལས་དམ་ཟབ་ཀྱི་འབྲེལ་བ་འཛུགས་པའི་ཆེད་རེད། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ང་ཚོ་སློབ་སྦྱོང་གི་ཉམས་ཉེན་ཞིག་ལ་འཕྲད་ཡོད། ན་གཞོན་དག་གིས་སློབ་གྲྭ་ནས་ལག་རྩལ་གསར་བརྗེའི་ཁྲོད་མཁོ་བའི་རྩལ་ནུས་སྦྱངས་མི་ཐུབ་པ་དང་། སློབ་མ་དག་གིས་ཇི་ལྟར་སློབ་སྦྱོང་བྱེད་པ་ཤེས་དགོས་ཟེར། 

ཀུའུ་ཐི་ལོས་སི་ཡིས་བསྟན་དོན། སློབ་གསོ་ཡིས་ཤེས་བྱ་དང་འཚོ་བའི་རྩལ་ནུས་བརྒྱུད་སྤྲོད་བྱེད་པ་དང་རྩོད་སྒྲུབ་རང་བཞིན་གྱི་བསམ་བློ་གསོ་སྐྱོང་བྱེད་པ་ཟུང་འབྲེལ་བྱས་ཏེ། རྒྱུན་མཐུད་རང་བཞིན་གྱི་འཕེལ་རྒྱས་དང་ནམ་ཟླའི་འགྱུར་ལྡོག་ཐད་ཀྱི་ཤེས་བྱ་ཤེས་སུ་འཇུག་པ་དང་། ཕོ་མོ་འདྲ་མཉམ་དང་འགྲོ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པ། ཞི་བདེའི་རིག་གནས་བཅས་ཀྱི་འདུ་ཤེས་ལྡན་པར་བྱེད་དགོས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། འཛམ་གླིང་ཡོངས་སུ་མིག་སྔར་ལོ་བཅུ་ནས་ལོ་ཉེར་བཞིའི་བར་གྱི་ན་གཞོན་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཡོད་པ་དང་། ལོ་ཚོད་དེའི་མི་གྲངས་ཀྱི་ཁ་གྲངས་ལོ་རྒྱུས་སྟེང་ཆེས་མང་བའི་སྐབས་ཤིག་རེད། ཡིན་ཡང་འཛམ་གླིང་སྟེང་གི་ལོ་དྲུག་ནས་ལོ་བཅུ་བཞིའི་བར་གྱི་བྱིས་པ་དང་ན་གཞོན་ལོ་ཆུང་ཕྱེད་ཀ་ལྷག་གི་གཞི་རྩའི་ལྟ་ཀློག་དང་གྲངས་རིག་གི་ནུས་པ་ཞན་པར་མངོན། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།