ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་མཉམ་ལས་དྲུང་ཡིག་ཁྲུའུ་ཡིས་རྒྱལ་ཁབ་གསུམ་གྱི་མཉམ་ལས་མདུན་ལྗོངས་ཐད་ནས་གྲོས་བསྡུར་ཚོགས་འདུ་བསྡུས། 
2019.08.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་མཉམ་ལས་དྲུང་ཡིག་ཁྲུའུ་ཡིས་ཚེས་བཅུ་གསུམ་ཉིན་ཧན་གོའི་རྒྱལ་ས་ཧྲིག་ཨར་ནས་རྒྱལ་ཁབ་གསུམ་གྱི་མཉམ་ལས་མདུན་ལྗོངས་ཐད་ནས་གྲོས་བསྡུར་ཚོགས་འདུ་བསྡུས། ཀྲུང་གོའི་སྤྱི་བའི་ཕྱི་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧུའུ་ཀྲིན་ཡའོ་ཡིས་གདན་ཞུས་ལྟར་གཏམ་བཤད་སྤེལ་བར་མ་ཟད། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་ན་གཞོན་སློབ་མ་དག་དང་མཉམ་དུ་བརྗེ་རེས་དང་གྲོས་བསྡུར་བྱས། 

ཧུའུ་ཀྲིན་ཡའོ་ཡིས་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མཉམ་ལས་དང་ཨེ་ཤ་ཡཱའི་བྱང་ཤར་གྱི་མ་འོངས་པ་བརྗོད་སྙིང་ཡིན་པའི་གཏམ་བཤད་སྤེལ་སྐབས། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མཉམ་ལས་འཕེལ་རྒྱས་འཕེལ་རིམ་ལ་ཕྱིར་དྲན་བྱས་ན། ཁས་ལེན་བྱ་དགོས་པའི་ཕྱོགས་མང་བོ་ཡོད། དཔེར་ན་ཆབ་སྲིད་སྣེ་ཁྲིད་གསལ་བོ་ཡིན་པ་དང་། དངོས་གཉེར་མཉམ་ལས་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བ། ལོ་རྒྱུས་ཀྱི་བཞུར་རྒྱུན་དང་བསྟུན་པ། ཨེ་ཤ་ཡཱ་ཤར་མའི་སྤྱིའི་མཉམ་ལས་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་སོགས་ལྟ་བུ་རེད་ཟེར། 

ཧུའུ་ཀྲིན་ཡའོ་ཡིས་རྒྱལ་ཁབ་གསུམ་གྱི་མཉམ་ལས་མདུན་ལྗོངས་སྤྱིའི་ཆ་ནས་བཟང་བའི་ཚུལ་བསྟན་པ་དང་། རྒྱལ་ཁབ་གསུམ་གྱི་མཉམ་ལས་ཐད་གྲོས་གཞི་སྣ་ལྔ་བཏོན། དེ་དག་ནི་ཨེ་ཤ་ཡཱའི་བྱང་ཤར་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་སྲ་བརྟན་དུ་གཏོང་བ། མཉམ་དུ་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་ལ་སྲུང་སྐྱོབ་བྱེད་པ། མཉམ་ལས་བསམ་ཕྱོགས་འཚོལ་ཞིབ་བྱེད་པ། དམངས་ཁྲོད་ཀྱི་ཕྱི་འབྲེལ་བྱ་བར་སྐུལ་འདེད་གཏོང་བ་བཅས་རེད། 

ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་མཉམ་ལས་དྲུང་ཡིག་ཁྲུའུ་ཡི་དྲུང་ཡིག་ཆེན་མོ་ལིས་ཀྲུང་ཞན་གྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། འདས་པའི་ལོ་ངོ་ཉི་ཤུའི་རིང་། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱིས་དཔོན་ཕྱོགས་མཉམ་ལས་དང་དམངས་ཁྲོད་བརྗེ་རེས་ཀྱི་གྲུབ་འབྲས་ཆེན་མོར་བདེན་དཔང་བྱས་ཡོད་ཀྱང་། རྒྱལ་ཁབ་གསུམ་བར་གྱི་འབྲེལ་བ་དེ་ཡང་རྒྱུན་པར་འགྲན་རྩོད་སྣ་ཚོགས་ལ་འཕྲད་ཡོད། རྒྱལ་ཁབ་གསུམ་གྱིས་ས་ཁུལ་གྱི་མཉམ་ལས་བགྲོད་ལམ་ཡངས་པོར་བྱེད་པ་ནི་སྔར་བཞིན་ལས་འགན་ལྗིད་ཅིང་ལམ་ཐག་རིང་བའི་དོན་ཞིག་ཡིན་ཟེར། 

ཀྲུང་གོ་དང་འཇར་པན། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱི་མཉམ་ལས་དྲུང་ཡིག་ཁྲུའུ་ཡིས་སྤེལ་བའི་ན་གཞོན་གཞུང་ཚབ་པའི་བརྗེ་རེས་ལས་གཞིར་ཞུགས་པའི་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་སློབ་ཆེན་སློབ་མ་དང་། ཧན་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོ་རེ་འགའ་ཉིན་དེའི་བྱ་འགུལ་ལ་ཞུགས། 

བརྗེ་རེས་སྐབས་སུ་ཀྲུང་གོའི་མི་དམངས་སློབ་ཆེན་དང་། ཕྱི་འབྲེལ་སློབ་གླིང་། ཧན་གོའི་ཧྲིག་ཨར་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ་ནས་ཡོང་བའི་སློབ་མ་དག་གིས་ཧན་གོ་དང་འཇར་པན་གྱི་ཉོ་ཚོང་འགལ་བ་ལས་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མཉམ་ལས་ལ་ཐེབས་པའི་ཤུགས་རྐྱེན་དང་། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་བརྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཐད་ཀྱི་མཉམ་ལས། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་སོགས་གླེང་གཞིའི་ཐད་ནས་གྲོས་བསྡུར་བྱས་པ་དང་། ཧུའུ་ཀྲིན་ཡའོ་ཡིས་ཚང་མ་དང་མཉམ་དུ་བརྗེ་རེས་བྱས། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།