ཕུའུ་ཅིན་གྱིས་བཀའ་རྒྱ་བཏང་སྟེ་བདེ་བླག་ངང་སར་བབས་པའི་འགྲུལ་སྐྱེལ་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣར་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བའི་རེ་བ་བཏོན། 
2019.08.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 55

ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་བཅུ་དྲུག་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་བཀའ་རྒྱ་བཀོད་དེ། ཉེ་སྔོན་བདེ་བླག་ངང་འགྲུལ་སྐྱེལ་གནམ་གྲུ་སར་བབས་པའི་ཝུའུ་ལཱ་ཨར་མཁའ་འགྲུལ་ཀུང་ཟིའི་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་རྒྱུ་ཐག་བཅད། 

སྤྱི་སྒྲོག་ལས་བཤད་རྒྱུར། ཝུའུ་ལཱ་ཨར་མཁའ་འགྲུལ་ཀུང་ཟིའི་གནམ་གྲུའི་མགོ་བ་ཡུག་སུའུ་པའོ་ཧྥུའུ་དང་གནམ་གྲུའི་མགོ་བ་གཞོན་པ་མུའུ་ཨར་ཅིན་གྱིས་ཛ་དྲག་གི་གནས་ཚུལ་འོག་ལས་འགན་ལག་བསྟར་བྱས་ཏེ། དཔའ་མཛངས་ཀྱི་བྱ་སྤྱོད་མངོན་པས། ཨུ་རུ་སིའི་དཔའ་བོ་ཞེས་པའི་གཟི་བརྗིད་མཚན་སྙན་གནང་རྒྱུ་ཡིན་པ་དང་། གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་གཞན་པ་ལྔ་བོར་བློ་སྤོབས་ཆེ་བའི་བྱས་རྗེས་རྟགས་མ་སྟེར་རྒྱུ་ཡིན་ཟེར། 

ཚེས་བཅོ་ལྔ་ཉིན་གྱི་ཞོགས་པར། ཝུའུ་ལཱ་ཨར་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་ཞིག་མའོ་སི་ཁི་ནས་ཞིན་ཧྥེ་ལོ་པའོ་ཨར་དུ་འཕུར་བ་དང་། གནམ་གྲུའི་སྟེང་དུ་ལས་བྱེད་མི་སྣ་བདུན་དང་བཅས་པའི་མི་ཉིས་བརྒྱ་དང་སོ་གསུམ་ཡོད། འགྲུལ་སྐྱེལ་གནམ་གྲུ་དེ་མའོ་སི་ཁིའི་ཉེ་འདབས་ཀྱི་རོའུ་ཁི་ཧྥུའུ་སི་ཅི་གནམ་གྲུ་ཐང་ནས་འཕུར་རྗེས་ཅང་མ་འགོར་བར། ནམ་མཁར་འཕུར་བའི་འདབ་ཆགས་ཀྱིས་གནམ་གྲུའི་སྒུལ་འཁོར་ལ་ཐོ་བརྒྱབ་སྟེ་གནམ་གྲུ་མེར་འབར། གནམ་གྲུ་དེ་བྲེལ་མྱུར་ངང་རོའུ་ཁི་ཧྥུའུ་སི་ཅི་གནམ་གྲུ་ཐང་དུ་བཙན་གྱིས་མར་འབབ་སྐབས། རྒྱུགས་ལམ་ལས་བརྒལ་ནས། མཇུག་མཐར་གནམ་གྲུ་ཐང་གི་རྒྱུག་ལམ་ཕྱི་རོལ་གྱི་སྤྱི་ལེ་གཅིག་གི་མཚམས་སུ་ཡོད་པའི་མ་རྨོས་ལོ་ཏོག་གི་ཞིང་སའི་ནང་ནས་སྡོད་ཐུབ་པ་བྱུང་། དོན་རྐྱེན་དེ་ལས་མི་དོན་དྲུག་ལ་རྨས་ཕོག་པ་དང་། མི་གཅིག་ལའང་ཚེ་སྲོག་གི་འཇིགས་ཉེན་བྱུང་མེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།