ཕཱ་ཁི་སི་ཐན་གྱི་དབྱི་སི་ལན་ཆོས་ཁང་ཞིག་ལ་འགས་གཏོར་བྱུང་སྟེ་མི་ལྔ་རྐྱེན་ལམ་དུ་ཤོར། 
2019.08.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 58

ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན། ཕཱ་ཁི་སི་ཐན་གྱི་ཁོས་ཏཱ་ནས། འགས་གཏོར་བྱུང་བའི་དབྱི་སི་ལན་ཆོས་ཁང་ལ་གཏོར་བརླག་ཐེབས་པའི་རྣམ་པ། 

ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན། ཕཱ་ཁི་སི་ཐན་གྱི་ཁོས་ཏཱ་ནས། མི་རྣམས་ཀྱིས་རྨས་མ་དག་སྨན་ཁང་དུ་སྐྱེལ་བཞིན་པ། 

ཟླ་བརྒྱད་པའི་ཚེས་བཅུ་དྲུག་ཉིན། ཕཱ་ཁི་སི་ཐན་གྱི་ཁོས་ཏཱ་ནས། འགས་གཏོར་དོན་རྐྱེན་བྱུང་སའི་ཡུལ་དངོས།

ཕཱ་ཁི་སི་ཐན་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁོས་ཏཱ་ཡི་དབྱི་སི་ལན་ཆོས་ཁང་ཞིག་ནས་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར་འགས་གཏོར་དོན་རྐྱེན་བྱུང་སྟེ། མིག་སྔར་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅོ་ལྔར་རྨས་ཕོག་ཡོད་ཟེར། 

ས་དེའི་ཉེན་རྟོག་པས་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་ཁོས་ཏཱ་གྲོང་ཁྱེར་ཀྱི་ཁུའུ་ལི་ཁཱ་ཞི་མུའུ་ས་ཁུལ་གྱི་དབྱི་སི་ལན་ཆོས་ཁང་ཞིག་ནས་བྱུང་བ་དང་། འགས་གཏོར་བྱུང་སྐབས་མང་ཚོགས་སྐོར་ཞིག་གིས་ཆོས་ཁང་དེར་ཕྱག་འཚལ་ནས་མཇུག་རྫོགས་མ་ཐག་ཡིན་ཟེར། 

འགས་གཏོར་བྱུང་རྗེས། ཉེན་རྟོག་པ་དང་རྒུད་སྐྱོབ་མི་སྣ་མྱུར་མོར་ཡུལ་དངོས་སུ་འབྱོར་ནས། འདས་པོའི་བེམ་པོ་དང་རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ། རྒུད་སྐྱོབ་མི་སྣ་ཞིག་གིས་བཤད་རྒྱུར། རྨས་མའི་ཁྲོད་མི་རེ་འགའི་རྨས་སྐྱོན་ཚབས་ཆེན་ཡིན་པས་འགས་གཏོར་དེ་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་ཡང་སྲིད་ཟེར། 

མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འགས་གཏོར་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།