ཧྥ་རན་སི་དང་ཨུ་རུ་སིའི་ཙུང་ཐུང་གིས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་འདོད་ཡོད་པའི་ཚུལ་བསྟན། 
2019.08.21 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 59

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་བསྡུ་ལ་ཉེ་བའི་སྐབས་སུ། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་བཅུ་དགུའི་ཉིན་ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་གནས་སྐོར་གནས་མཆོག་པུའུ་ལོས་ཀང་སུང་པའོ་ནས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཧྥ་རན་སི་དང་ཨུ་རུ་སིའི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སིའི་འབྲེལ་བ་ལེགས་བཅོས་བྱེད་འདོད་ཡོད་པའི་ཚུལ་བསྟན་ཡང་། སི་རི་ཡཱའི་གནས་བབ་སོགས་གནད་དོན་ཐད་འགལ་བ་གནས་ཡོད། 

མཱ་ཁི་ལུང་དང་ཕུའུ་ཅིན་གྱི་གྲོས་མོལ་དེ་དུས་ཚོད་གསུམ་ལྷག་འགོར། གྲོས་མོལ་མཇུག་སྒྲིལ་རྗེས་མཱ་ཁི་ལུང་གིས་བཤད་རྒྱུར། ཁོ་དང་ཕུའུ་ཅིན་གྱིས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པ་དང་། སི་རི་ཡཱ་དང་ལི་པུ་ཡཱའི་གནས་བབ་སོགས་ལ་གྲོས་བསྡུར་བྱས་ཟེར། མཱ་ཁི་ལུང་གིས་ད་རུང་ཨུ་རུ་སི་དང་ཡོ་རོབ་གླིང་གི་མ་འོངས་པའི་འབྲེལ་བའི་འཕེལ་རྒྱས་ལ་ཡིད་ཆེས་ཡོད་པའི་ཚུལ་བསྟན། 

གྲོས་མོལ་མ་བྱས་གོང་། མཱ་ཁི་ལུང་དང་ཕུའུ་ཅིན་གྱིས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་སྤེལ། མཱ་ཁི་ལུང་གིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་ཕྱོགས་མང་རིང་ལུགས་དེ་འགྲན་རྩོད་ལ་འཕྲད་ཡོད་པས། རྒྱལ་ཁབ་སོ་སོས་གྲོས་མཐུན་རྐྱེན་སྲོལ་གསར་བ་འཛུགས་དགོས། ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སི་ཡིས་ཡང་བསྐྱར་བདེ་འཇགས་དང་ཡིད་ཆེས་འཛུགས་དགོས་པ་དང་། ཧྥ་རན་སི་ཡིས་དོན་དེར་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་ཟེར། 

ཕུའུ་ཅིན་གྱིས་བསྟན་དོན། རྣམ་པ་གང་རུང་གི་འབྲེལ་འདྲིས་ལའང་ཕན་ཐོགས་ཡོད་སྲིད། ཨུ་རུ་སིའི་ཕྱོགས་ཀྱིས་རྒྱལ་ཁབ་བརྒྱད་ཀྱི་སྡེ་ཚོགས་ནང་ཞུགས་པར་ཡིད་འཐད་མིན་པའི་བསམ་ཚུལ་བསྟན་མྱོང་མེད་ལ། ཨུ་རུ་སི་ལ་སྔོན་ཆད་རྩ་འཛུགས་དེའི་མཐོ་རིམ་གྲོས་ཚོགས་སྤེལ་བའི་གོ་སྐབས་ལྡན་ཡང་། ནུབ་ཕྱོགས་རྒྱལ་ཁབ་དག་མ་ཞུགས་པ་རེད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།