​ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་གྱིས་བྱེད་ཐབས་སྤྱད་དེ་ནུབ་ཕྱོགས་འཐབ་ཇུས་ཀྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།
2019.08.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་ཡིས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ནུབ་ཕྱོགས་འཐབ་ཇུས་ཀྱི་ཛ་དྲག་གི་གནས་བབ་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། 

ཧྲའོ་དབྱེ་ཀུའུ་ཡིས་ཉིན་དེར་འབྲེལ་ཡོད་གྲོས་ཚོགས་ལ་ཞུགས་སྐབས་བསྟན་དོན། མིག་སྔར་ནུབ་ཕྱོགས་འཐབ་ཇུས་ཁ་ཕྱོགས་ཀྱི་ཆབ་སྲིད་དམག་དོན་གནས་བབ་སྔར་བཞིན་ཛ་དྲག་ཡིན། དེ་གཙོ་བོ་བྱང་ཆིངས་རྩ་འཛུགས་ཀྱིས་ཡོ་རོབ་གླིང་ཤར་མའི་དམག་དོན་བཀོད་སྒྲིག་ལ་ཤུགས་སྣོན་དང་། ཨ་མེ་རི་ཁའི་ཕོ་ལན་དང་རོ་མཱ་ནི་ཡཱའི་འཕུར་མདའི་འགོག་སྲུང་མ་ལག དེ་མིན་བྱང་ཆིངས་རྩ་འཛུགས་ཀྱི་ཧྥུན་ལན་དང་སུའེ་ཙེར་གྱི་དམག་དོན་མཉམ་ལས་རྒྱ་བསྐྱེད་པ་བཅས་ལས་མངོན་པར་བྱས་ཡོད་ཟེར། 

ཧྲའོ་དབྱེ་ཀུའུ་ཡིས་བཤད་རྒྱུར། ཨུ་རུ་སི་ཡིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་མིག་སྔའི་འཇིགས་ཉེན་ཐག་གཅོད་བྱེད་རྒྱུ་ཡིན། ད་ལོའི་ལོ་མཇུག་གི་སྔོན་ལ། ཨུ་རུ་སིའི་ནུབ་ཕྱོགས་དམག་ཁུལ་གྱིས་རྣམ་པ་གསར་བའི་དམག་དོན་སྒྲིག་ཆས་སྟོང་གཅིག་དང་སུམ་བརྒྱ་དང་ལེན་བྱས་ཏེ་མུ་མཐུད་དུ་གན་རྒྱ་བཞག་པའི་དམག་མིའི་ཁ་གྲངས་ཁ་གསབ་བྱེད་རྒྱུ་ཡིན་ཟེར།
བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་ཉི་ཤུའི་ཉིན་ཝ་ཧྲིན་ཐོན་ནས་འཚམས་འདྲིར་ཡོང་བའི་རོ་མཱ་ནི་ཡཱའི་ཙུང་ཐུང་ཡོ་ཧན་ནེ་སི་དང་གྲོས་མོལ་བྱས། ཐི་ལིང་ཕུའུ་ཡིས་བསྟན་དོན། ཨ་མེ་རི་ཁས་རོ་མཱ་ནི་ཡཱའི་དམག་དོན་བཀོད་སྒྲིག་ལ་ཤུགས་སྣོན་བྱེད་པའི་ཐད་ནས་གྲོས་བསྡུར་བྱེད་འདོད་ཡོད་ཟེར། ཡོ་ཧན་ནེ་སི་ཡིས་བསྟན་དོན། རོ་མཱ་ནི་ཡཱ་ཡིས་ཨ་མེ་རི་ཁའི་རོ་མཱ་ནི་ཡཱའི་བཅའ་སྡོད་དམག་དཔུང་གི་གཞི་རྒྱ་རྒྱ་བསྐྱེད་འདོད་ཡོད་ཟེར།


ལོ་ཙཱ་བ། བསོད་ནམས་ཚེ་རིང་།