ནེ་ཀྲི་རི་ཡཱའི་དབུས་ཕྱོགས་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།
2019.08.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ནེ་ཀྲི་རི་ཡཱའི་དབུས་ཕྱོགས་ཀྱིས་མཁའ་ལཱ་ཀྲིག་ནས་ཚེས་ཉེར་གཉིས་ཉིན་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་ལ་རྨས་ཕོག 

མཁའ་ལཱ་ཀྲིག་གཞུང་ལམ་དོ་དམ་སྡེ་ཁག་གི་འགན་ཁུར་བས་ཉིན་དེར་གསར་འགྱུར་ལས་ཁུངས་བཤད་རྒྱུར། དོན་རྐྱེན་དེ་ཁུལ་དེའི་འདུ་འཛི་ཆེ་བའི་གཞུང་ལམ་ཞིག་གི་སྟེང་ནས་བྱུང་བ་དང་། འགྲུལ་སྐྱེལ་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་གཉིས་དཀྱོགས་མཚམས་ཤིག་ནས་ཐོ་བརྒྱབ་སྟེ། མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་ལ་རྨས་ཕོག 

འགན་ཁུར་བ་དེས་བཤད་རྒྱུར། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། རླངས་འཁོར་གཉིས་ཀྱི་ཁ་ལོ་བར་མྱུར་ཚད་ལས་བརྒལ་བའི་ཉེན་ཁ་ལྡན་ཟེར། དོན་རྐྱེན་དེའི་བྱེ་བྲག་གི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། 

ལམ་མི་བདེ་བ་དང་མྱུར་ཚད་ལས་བརྒལ་བ་སོགས་རྒྱུ་རྐྱེན་དབང་གིས་ནེ་ཀྲི་རི་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད། ཟླ་བདུན་པའི་ཚེས་བརྒྱད་ཉིན། ནེ་ཀྲི་རི་ཡཱའི་བྱང་ཕྱོགས་ཀྱི་ཁཱ་ནོའུ་ཀྲིག་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མི་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ལ་རྨས་ཕོག


ལོ་ཙཱ་བ། བསོད་ནམས་ཚེ་རིང་།