​ཨན་པའེ་ཅིན་སན་གྱིས་ཧན་གོའི་ཕྱོགས་ཀྱིས་དམ་བཅའ་བརྩི་སྲུང་བྱས་ནས་འཇར་པན་དང་ཧན་གོའི་ཡིད་ཆེས་འབྲེལ་བ་སླར་གསོ་བྱེད་དགོས་པའི་རེ་བ་བཏོན།
2019.08.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 48

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་ཉེར་གསུམ་ཉིན་བསྟན་དོན། མུ་མཐུད་དུ་ཧན་གོའི་བར་གྱི་ཁས་ལེན་དམ་བཅའ་བརྩིས་ཏེ་ཡིད་ཆེས་འབྲེལ་བ་སླར་གསོ་བྱེད་རྒྱུ་ཡིན་ཟེར། 

ཨན་པའེ་ཅིན་སན་གྱིས་ཉིན་དེར་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་ནས་ཧན་གོས་དམག་དོན་གསང་འཕྲིན་གྱི་སྲུང་སྐྱོབ་གྲོས་ཆོད་འགོད་རྒྱུ་མིན་པའི་གནས་དོན་གླེང་སྐབས། འཇར་པན་གྱིས་ཨེ་ཤ་ཡཱ་བྱང་ཤར་གྱི་བདེ་འཇགས་ཁོར་ཡུག་ལ་འགན་སྲུང་བྱེད་རྒྱུ་ཡིན་པ་དང་། འཇར་པན་དང་ཨ་མེ་རི་ཁ། ཧན་གོ་བཅས་ཀྱི་མཉམ་ལས་ལ་གནོད་པ་བཟོ་མི་རུང་བའི་རྩ་དོན་ལྟར་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། ཕྱིན་ཆད་མུ་མཐུད་དུ་ཨ་མེ་རི་ཁའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་འགན་སྲུང་བྱས་ནས་འཇར་པན་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། 

འཇར་པན་ཕྱི་འབྲེལ་པུའུ་ལ་ཚེས་ཉེར་གསུམ་ཉིན་ཧན་གོས་དམག་དོན་གསང་འཕྲིན་སྲུང་སྐྱོབ་ཀྱི་གྲོས་མཐུན་མི་འགོད་པའི་དངོས་གཞིའི་བརྡ་ཐོ་འབྱོར། འཇར་པན་གྱི་འགོག་སྲུང་བློན་ཆེན་ཡན་བོ་ཡུན་གྱིས་ཉིན་དེར་ཧན་གོས་ཆོད་དོན་དེ་སྤེལ་བར་ཡིད་འཕང་བར་ཚུལ་བསྟན། ཁོས་ད་རུང་བསྟན་དོན། འཇར་པན་དང་ཧན་གོ། འཇར་པན་དང་ཨ་མེ་རི་ཁ། ཧན་གོ་བཅས་ཀྱི་མཉམ་ལས་སྔར་བཞིན་གལ་ཆེན་ཡིན་པས། ཧན་གོའི་ཕྱོགས་ཀྱིས་ཡང་བསྐྱར་བསམ་བློ་བཏང་ནས་ཐག་གཅོད་ཡང་དག་བྱེད་དགོས་པའི་རེ་བ་བཏོན།


ལོ་ཙཱ་བ། བསོད་ནམས་ཚེ་རིང་།