ཀྲུང་གོ་དང་ཨུ་རུ་སིའི་ནོར་སྲིད་བློན་ཆེན་གྲོས་མོལ་ཐེངས་བརྒྱད་པ་མའོ་སི་ཁི་ནས་སྤེལ།
2019.08.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཀྲུང་གོ་དང་ཨུ་རུ་སིའི་ནོར་སྲིད་བློན་ཆེན་གྲོས་མོལ་ཐེངས་བརྒྱད་པ་ཚེས་ཉེར་གཉིས་ཉིན་ཨུ་རུ་སིའི་རྒྱལ་ས་མའོ་སི་ཁི་ནས་སྤེལ། ཀྲུང་གོའི་ནོར་སྲིད་པུའུ་ཡི་པུའུ་ཀྲང་ལིག་ཁོན་དང་ཨུ་རུ་སིའི་ཙུང་ལི་གཞོན་པ་དང་པོ་དང་ནོར་སྲིད་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཞི་ལུའུ་ཨན་ནོའུ་ཧྥུའུ་གཉིས་ཀྱིས་མཉམ་དུ་གྲོས་མོལ་ལ་མགོ་འཛིན་བྱས། ཕྱོགས་གཉིས་ཀྱིས་ཆེ་མཐོང་དཔ་འབྱོར་གནས་བབ་དང་སྲིད་ཇུས། ཀྲུང་དབྱང་དང་ས་གནས་ནོར་སྲིད་འབྲེལ་བ། ཀྲུང་གོ་དང་ཨུ་རུ་སིའི་ས་གནས་མཉམ་ལས། རྩིས་གཉེར་དང་རྩིས་བཤེར་ལྟ་རྟོག་མཉམ་ལས། དངུལ་ལོར་མཉམ་ལས་བཅས་ཀྱི་གནད་དོན་གཙོ་བོ། རྒྱལ་ཁོངས་བརྒལ་བའི་གནོད་སེལ་རྒྱལ་སྤྱིའི་དངུལ་གསོག་མཉམ་ལས་སོགས་གྲོས་གཞིར་གྲོས་བསྡུར་བྱས་པ་དང་། ཐུན་མོང་གི་ལྟ་ཚུལ་མང་དུ་བྱུང་། 

ཞི་ལུའུ་ཨན་ནོའུ་ཧྥུའུ་ཡིས་བསྟན་དོན། མིག་སྔར་ཨུ་རུ་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་སྔ་ན་མེད་པའི་གོ་སྐབས་ལ་འཕྲད་ཡོད། ཉིས་སྟོང་བཅོ་བརྒྱད་ལོར་ཕྱོགས་གཉིས་ཀྱི་ཉོ་ཚོང་འབོར་གྲངས་ཐོག་དང་པོར་མེ་སྒོར་ཁྲག་ཁྲིག་གཅིག་ལས་བརྒལ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དེ་དུས་རིམ་གསར་བ་ཞིག་ཏུ་བསླེབས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གཞི་རྒྱ་ཇེ་ཆེར་འགྲོ་བའི་དམིགས་འབེན་མངོན་འགྱུར་འབྱུང་ཆེད། ཨུ་རུ་སི་དང་ཀྲུང་གོའི་དཔལ་འབྱོར་ནོར་སྲིད་མཉམ་ལས་དེ་གལ་འགངས་ཆེན་པོ་ཡིན། ཨུ་རུ་སི་དང་ཀྲུང་གོའི་ནོར་སྲིད་དཔོན་པོའི་གྲོས་མོལ་ནང་རྐྱེན་དེ་རྒྱལ་ཁབ་གཉིས་ཀྱི་ནོར་སྲིད་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ནུས་ལྡན་རྐྱེན་སྲོལ་དུ་གྱུར་ཡོད།

ཐེངས་འདིའི་གྲོས་མོལ་སྔར་ལས་རྒྱ་ཇེ་ཆེར་སོང་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་གནས་བབ་དང་རྒྱལ་ཁབ་གཉིས་ཀྱི་ཆེ་མཐོང་དཔལ་འབྱོར་སྲིད་ཇུས། ས་གནས་མཉམ་ལས་སོགས་ཁྱབ་ཁོངས་སོ་སོའི་གྲོས་གཞིར་བརྗེ་རེས་གང་ལེགས་བྱས་ན། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཕན་ཐོགས་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱི་མཉམ་ལས་ཐད་སྲིད་ཇུས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད། དེའི་ཞོར་དུ་རྨང་གཞིའ་སྒྲིག་ཆས་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཁབ་རང་གི་ཐོན་སྐྱེད་ཀྱི་ཚད་ཇེ་མཐོར་བཏང་སྟེ། ཚན་རྩལ་དང་མི་ཤུགས་མ་རྩའི་དངུལ་གཏོང་ཇེ་ཆེར་བཏང་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་གཏན་འཇགས་ངང་འཕར་སྣོན་འབྱུང་བར་ཡར་སྐུལ་གཏོང་དགོས་ཟེར། 

ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཆེ་མཐོང་དཔལ་འབྱོར་གནས་བབ་དང་སྲིད་ཇུས། དཔལ་འབྱོར་འཕར་སྣོན་ལ་ཤུགས་རྐྱེན་ཐེབས་པའི་ཕྱི་ཕྱོགས་ཀྱི་ཉེན་ཁའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། རྒྱལ་ཁབ་གཉིས་ཀྱི་ཀྲུང་དབྱང་དང་ས་གནས་ནོར་སྲིད་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་ཐད་ཀྱི་མཉམ་མྱོང་དང་བྱེད་ཐབས་བརྗེ་རེས་བྱས་པར་མ་ཟད། ཀྲུང་གོ་དང་ཨུ་རུ་སིའི་རྩིས་གཉེར་བའི་ཚད་གཞི་སོགས་ལ་སྐུལ་འདེད་གཏོང་རྒྱུ་ཁས་ལེན་བྱས། 

ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨུ་རུ་སིའི་རྩིས་གཉེར་ཚད་གཞིའི་མཉམ་ལས་བརྗེད་ཐོ་དང་ཀྲུང་གོ་དང་ཨུ་རུ་སིའི་རྩིས་བཤེར་ལྟ་རྟོག་མཉམ་ལས་ཀྱི་བརྗེད་ཐོ་སོགས་ཡིག་ཆ་རེ་འགའ་བཀོད།


ལོ་ཙཱ་བ། བསོད་ནམས་ཚེ་རིང་།