​ཐུར་ཁེའི་ཙུང་ཐུང་གིས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་དམག་དོན་འགུལ་སྐྱོད་ལས་ཐུར་ཁེ་ལ་འཇིགས་ཉེན་བཟོས་པའི་ཚུལ་བསྟན།
2019.08.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 61

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་ཉེར་གསུམ་ཉིན་བསྟན་དོན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་ནས་ངོ་རྒོལ་ཕྱོགས་ཁག་ལ་སྤྱད་པའི་དམག་དོན་འགུལ་སྐྱོད་ལས་འབྲེལ་ཡོད་ཕྱོགས་སོས་འཁྲུག་རྩོད་མཚམས་འཇོག་པའི་འབད་བརྩོན་ལ་གཏོར་བརླག་བྱས་ཡོད་པ་དང་། ཐུར་ཁེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་ཉེན་ཐེབས་ཡོད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་སྟེ་སི་རི་ཡཱའི་གནས་བབ་ལ་གྲོས་བསྡུར་བྱས། 

ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གིས་གསལ་སྒྲོག་སྤེལ་ཏེ། ཨེ་ཨར་ཏའོ་ཨན་གྱིས་ཁ་པར་གཏོང་སྐབས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་དབྱི་ཏི་ལེ་པུའུ་ཡི་དམག་དོན་འགུལ་སྐྱོད་དེ་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་ཡོད་པ་དང་། མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་བྱུང་ཡོད་པར་མ་ཟད། འབྲེལ་ཡོད་ཕྱོགས་སོ་སོ་སི་རི་ཡཱའི་འཁྲུག་རྩོད་ཐག་གཅོད་བྱེད་པའི་བྱ་བར་གཏོར་བརླག་ཐེབས་ཡོད་ལ། ཐུར་ཁེའི་རྒྱལ་ཁབ་བདེ་འཇགས་ལའང་འཇིགས་ཉེན་ཚབས་ཆེན་ཐེབས་ཡོད་ཟེར། 

ཐུར་ཁེའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་དམག་དཔུང་གིས་ཉིན་དེར་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་ལྟ་ཞིབ་བྱེད་ས་ཞིག་བརྒྱུད་སྐབས་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་བར་སྣང་འཇབ་རྒོལ་ཐེབས། མི་སེར་དཀྱུས་མ་གསུམ་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སེར་དཀྱུས་མ་བཅུ་གཉིས་ལ་རྨས་ཕོག སི་རི་ཡཱའི་ཕྱོགས་ཀྱིས་ཐུར་ཁེའི་དམག་དཔུང་རྒྱལ་མཚམས་བརྒལ་ནས་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་ཐལ་སྤྱོད་རྩ་འཛུགས་ལ་མཚོན་ཆ་སྐྱེལ་འདྲེན་བྱས་པར་སྐྱོན་འཛུགས་བྱས།


ལོ་ཙཱ་བ། བསོད་ནམས་ཚེ་རིང་།