དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དགུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་བསད། 
2019.09.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

དབྱི་རག་ཉེན་རྟོག་ཕྱོགས་ཀྱི་དཔོན་རིགས་ཀྱིས་ཚེས་དགུའི་ཉིན་བཤད་རྒྱུར། དབྱི་རག་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དཔུང་དང་ཨ་མེ་རི་ཁ་གཙོ་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཉིན་དེར་དབྱི་རག་བྱང་ཕྱོགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་དུ་གཙང་ཕྱགས་འགུལ་སྐྱོད་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དགུ་བསད་པ་དང་། མི་བཞི་འཛིན་བཟུང་བྱས་ཟེར། 

སཱ་ལཱ་ཧི་ཏེན་ཞིང་ཆེན་ཉེན་རྟོག་ཕྱོགས་ཀྱི་དཔོན་པོ་པཱ་ཆི་ཡིས་གསར་འགོད་པར་བཤད་རྒྱུར། དབྱི་རག་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དཔུང་དང་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཉིན་དེར་སཱ་ལཱ་ཧི་ཏེན་ཞིང་ཆེན་ཤར་ངོས་ཀྱི་རི་ཁུལ་དུ་ཡོད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པའི་སྦས་སྐོང་བྱེད་སར་བར་སྣང་དང་ས་ངོས་གཉིས་ནས་ཆམ་ཕབ་བཏང་སྟེ། དྲག་ཆས་ཉེས་ཅན་དྲུག་བསད་པ་དང་། དྲག་ཆས་ཉེས་ཅན་བཞི་འཛིན་བཟུང་བྱས་ཟེར། 

པཱ་ཆི་ཡིས་བསྟན་དོན། རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཉིན་དེར་འཐབ་འཛིང་གནམ་གྲུ་མངག་ནས་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཐིས་ཁི་ལི་ཐི་བྱང་ངོས་ཀྱི་སྤྱི་ལེ་དྲུག་ཅུའི་མཚམས་སུ་ཡོད་པའི་རི་ཁུལ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྦས་སྐོང་བྱེད་ས་ཞིག་གཏོང་བ་དང་། དྲག་ཆས་ཉེས་ཅན་གསུམ་བསད་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།